མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཁྱེད་ཀྱིས་སེམས་ཁུར་བྱེད་པའི་ཡོང་འབབ་དང་། སྤྱི་ཚོགས་འགན་བཅོལ། སྡོད་ཁང་སོགས་གནད་དོན་བརྒྱད་ལ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་རུ་ཚང་མར་ལན་བསློགས་ཡོད་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་བསྟན་དོན། མི་དམངས་ལ་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འབད་འཐབ་ཀྱི་དམིགས་ཡུལ་ཞིག་ཡིན།  ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་གོ་གནས་ཆེས་མཐོ་ཤོས་སུ་བཞག་སྟེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནས་དམངས་ཡོངས་ལ་ཕན་ཁེ་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་ཡིན་པ་འཐོབ་ཏུབཅུག་ནས།  མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་མངོན་འགྱུར་ཡོང་བའི་ཕྱོགས་སུ་མཚམས་ཆད་མེད་པར་བསྐྱོད་དགོས།  

སྙན་ཞུའི་ནང་དུ་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་མི་དམངས་ཀྱིས་ཆེས་དོ་ཁུར་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གྱི་གནད་དོན་དམ་པོར་འཛིན་དགོས་ཤིང་། གང་ཐུབ་ཅི་ཐུབ་བྱེད་དགོས་ལ་ནུས་པས་ལྕོགས་ཚོད་ལའང་བལྟས་ཏེ་བྱ་བ་དག་གཅིག་གི་རྗེས་སུ་གཅིག་དང་ལོ་ཡི་སྟེང་དུ་ལོ་བཞག་སྟེ་རིམ་པ་བཞིན་རེ་རེ་བྱས་ཏེ་བསྒྲུབ་དགོས། མི་ཚང་མས་འགན་འཁུར་རྒྱུ་མཐའ་འཁྱོངས་དང་མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་ཏེ་གཞི་ཐིག་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་།  སྔོན་དཔག་ཁྲིད་སྟོན་བཅས་བྱས་ཏེ།  སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་བ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས་པར་མ་ཟད། མཚམས་མི་ཆད་པར་མི་དམངས་ཀྱི་ཉིན་རེར་འཕེལ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་བྱས་ཏེ་ནུས་ལྡན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཞིག་ཆགས་པར་བྱས་ཏེ་མི་དམངས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་དེ་དག་སྔར་བས་འཐུས་ཚང་དང་། འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་ཞིག་བྱ་དགོས།  

ལས་ཞུགས།      

ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་ཁྱབ་སྤེལ་རྒྱ་ཆེན་པོ་བྱས་ཏེ་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་བ་ཐག་གཅོད་བྱེད་པར་གཙིགས་མཐོང་དང་། ལས་སྒོ་གསར་འབྱེད་ཀྱིས་ལས་ཞུགས་སྐུལ་ཁྲིད་ཡོང་བར་སྐུལ་འདེད་བྱེད་དགོས། ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱི་དང་། ཞིང་དམངས་བཟོ་པ་དམངས་བཟོ་པ་སོགས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་བ།      

ངལ་རྩོལ་ནུས་ཤུགས་དང་།  སྤྱི་ཚོགས་རང་བཞིན་གྱི་ཤེས་ལྡན་མི་སྣའི་འཁོར་རྒྱུག་ལ་བཀག་འགོག་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མེད་པར་བཟོས་ཏེ་མི་སོ་སོས་དཀའ་སྤྱད་ཀྱི་ངལ་རྩོལ་བྱས་པ་བརྒྱུད་རང་ཉིད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད་དུ་འཇུག་པ།      

སྲིད་གཞུང་དང་།  བཟོ་ཚོགས།  ཁེ་ལས་བཅས་མཉམ་དུ་ཞུགས་པའི་གྲོས་མོལ་མཐུན་སྦྱོར་གྱི་ལམ་སྲོལ་གྱི་རིགས་འཐུས་ཚང་ཡོང་བ་བྱས་ཏེ་འཆམ་མཐུན་ལྡན་པའི་ངལ་རྩོལ་གྱི་འབྲེལ་བ་འཛུགས་སྐྱོང་བྱ་དགོས།      

ཡོང་འབབ།      

རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་མཐའ་འཁྱོངས་དང་།  རྒྱུ་རྐྱེན་གཙོ་བོ་ལྟར་བགོ་བཤའ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཡོང་འབབ་བགོ་བཤའ་རྒྱག་པ་དེ་བས་ལུགས་མཐུན་དང་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་གཏོང་བ། ཁྲིམས་སྲུང་ལས་བརྩོན་གྱིས་ཕྱུག་འགྱུར་ཡོང་བར་སྐུལ་མ་བཏང་སྟེ་ཡོང་འབབ་འབྲིང་རིམ་གྱི་ཚོགས་པ་རྒྱ་བསྐྱེད་པ་དང་།  ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ་དང་།  ཡོང་འབབ་མཐོ་དྲགས་ཀྱི་རིགས་ལེགས་སྒྲིག་དང་།  ཁྲིམས་དང་མི་མཐུན་པའི་ཡོང་འབབ་མེད་པར་བཟོ་བ་བཅས་བྱ་དགོས།      

དཔལ་འབྱོར་འཕར་བ་དང་ཆབས་ཅིག་གྲོང་མིའི་ཡོང་སྒོ་དུས་མཉམ་དུ་འཕར་སྣོན་ཡོང་བ་མངོན་འགྱུར་དང་།  ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་མཐོ་རུ་ཕྱིན་པ་དང་མཉམ་དུ་ངལ་རྩོལ་གྱི་ཐོབ་ཆའང་དུས་མཉམ་དུ་མཐོར་འདེགས་ཡོང་བ་མངོན་འགྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།      

སྡོད་དམངས་ཀྱི་ངལ་རྩོལ་ཡོང་འབབ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱི་ལམ་བུ་རྒྱ་བསྐྱེད་པ། སྲིད་གཞུང་གིས་ཡང་བསྐྱར་བགོ་བཤའ་སྙོམ་སྒྲིག་བྱེད་པའི་འགན་ནུས་ལག་བསྟར་ཡག་པོ་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་བསྒྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཡོང་འབབ་བགོ་བཤའ་རྒྱག་པའི་ཧེ་བག་ཆུང་དུ་གཏང་རྒྱུ།   སྤྱི་ཚོགས་འགན་བཅོལ།      

དམངས་ཡོངས་འགན་བཅོལ་གྱི་ནང་དུ་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་ཚང་ཡོང་བ་བྱས་ཏེ་རྒན་གསོའི་འགན་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་གྱི་འཆར་འགོད་མགྱོགས་པོར་མངོན་འགྱུར་ཡོང་བ་བྱ་དགོས།      

གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་ཚང་དང་། ལས་ཤོར་དང་། ལས་རྨས་ཀྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་མ་ལག་གཅིག་གྱུར་འཆར་འགོད་བྱས་ཏེ་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ།      

སྡོད་ཁང་།      

ཁང་པ་ནི་སྡོད་ས་ཡིན་པ་ལས་གོང་སྤར་ཕྱིར་འཚོང་བྱེད་སྤྱད་མིན་པའི་གནས་ཐིག་གཏན་ཁེལ་དེ་རྒྱུན་འཁྱོངས་བྱས་ནས། ཁང་པ་མང་པོ་མཁོ་འདོན་དང་། ཐབས་ལམ་མང་པོའི་ཐོག་ནས་འགན་སྲུང་། བོགས་ལེན་དང་ཉོ་སྒྲུབ་མཉམ་སྤྱོད་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་པོར་བཙུགས་ཏེ་མི་དམངས་ཡོངས་ལ་སྡོད་སའི་ཁང་པ་ཡོད་དུ་འཇུག་དགོས།      

སློབ་གསོ།      

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་།  གྲོང་གསེབ་ཀྱི་འོས་འགན་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་གྲྭར་མ་ཞུགས་སྔོན་གྱི་སློབ་གསོ་དང་། དྲ་བའི་སློབ་གསོ།  དམིགས་བསལ་གྱི་སློབ་གསོ་ལེགས་པོར་བསྒྲུབས་ནས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་བཏང་སྟེ། བྱིས་པ་ཡོངས་ཀྱིས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་ཐུབ་པར་འབད་བརྩོན་བྱ་དགོས།      

ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཟབ་སྤེལ་ཡོང་བ་བྱས་ཏེ། སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་སྙིང་དོན་གྱི་རྣམ་པ་ལྡན་པའི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས།      

སློབ་མར་རོགས་དངུལ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་འཕར་གྱི་ངལ་རྩོལ་ནུས་ཤུགས་མང་ཆེ་བ་ལ་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་དང་། མཐོ་རིམ་སློབ་གསོ་དེ་བས་མང་བ་མྱོང་ཐུབ་པར་འཇུག་དགོས།    

སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོ་དར་སྤེལ་དུ་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་ཡོང་བ་བྱ་རྒྱུ་དང་། དགེ་རྒན་གྱི་ཀུན་སྤྱོད་ཇེ་ལེགས་དང་། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་མགྱོགས་སུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དར་སྤེལ་དུ་གཏང་རྒྱུ་དང་།  རྒྱུན་མཐུད་སློབ་གསོ་ལེགས་གཉེར་དང་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་བཏང་ནས་རྒྱལ་དམངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་ཆེན་རྒྱག་དགོས།      

སྨན་བཅོས།      

སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་ལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ།  ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ལམ་ལུགས་དང་།  སྨན་བཅོས་འགན་ལེན་གྱི་ལམ་ལུགས། སྤུས་ལེགས་ཕན་ཆེའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་དང་ཚན་ཁག་ཡོངས་ཀྱི་སྨན་པའི་རུ་དཔུང་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས་སྨན་ལ་བརྟེན་ནས་སྨན་ཁང་གསོ་བ་མེད་པར་བཟོས་ཏེ་སྨན་རྫས་མཁོ་འདོན་གྱི་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔོན་འགོག་བྱ་རྒྱུ་གཙོ་བོ་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་གཏིང་ཟབ་སྤེལ་བ་དང་། བདེ་ཐང་དང་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་བྱས་ཏེ་ནད་རིགས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་དགོས།      

ཟས་རིགས་བདེ་འཇགས་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ་མི་དམངས་ལ་སེམས་བདེ་མོས་ཟ་མ་ཟ་བར་འཇུག་པ།      

ཀྲུང་ནུབ་གསོ་རིག་མཉམ་གཅིག་ཏུ་གཙིགས་མཐོང་བྱ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ལུགས་གསོ་རིག་གི་སྨན་རྫས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་དང་། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཆ་འགྲིག་འབྲེལ་མཐུད་ལ་སྐུལ་འདེད་དང་། མི་འབོར་གོང་འཕེལ་གྱི་ཐབས་ཇུས་ལ་ཞིབ་འཇུག་བྱ་བར་ཤུགས་སྣོན་གཏང་རྒྱུ།      

མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་དེ་རྒན་གསོ་དང་། རྒན་པར་དྲིན་གཟོ་བ། རྒན་བཀུར་གྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ཏེ་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་བྱ་བར་སྐུལ་འདེད་དང་།  རྒན་པོའི་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།      


ཁོར་ཡུག

དམངས་ཡོངས་ཀྱིས་མཉམ་བཅོས་དང་། འབྱུང་རྩ་ནས་འགོག་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རླུང་ཁམས་ཆེན་པོའི་འབག་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་མུ་མཐུད་དུ་ལག་བསྟར་བྱས་ནས་གནམ་སྔོན་པོ་སྲུང་སྐྱོབ་བྱ་བར་རྒྱལ་ཁ་འཐོབ་དགོས།      

ཆུའི་སྦགས་བཙོག་འགོག་བཅོས་མགྱོགས་སུ་གཏོང་བ་དང་།  རྒྱུག་ཁུལ་གྱི་ཁོར་ཡུག་དང་ཉེ་ངོགས་མཚོ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱ་རྒྱུ།  ས་རྒྱུའི་སྦགས་བཙོག་གི་དོ་དམ་ཚོད་འཛིན་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་ཀྱི་ཕྱི་ངོས་འབྱུང་ཁུངས་ཀྱི་འབག་བཙོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་མི་རྣམས་འཚོ་སྡོད་བྱེད་པའི་ཁོར་ཡུག་བཅོས་སྒྲིག་གི་བྱ་འགུལ་སྤེལ་དགོས། སྲ་གཟུགས་བེད་མེད་དངོས་པོ་དང་གད་སྙིགས་གཙང་བཅོས་ལ་ཤུགས་སྣོན་རྒྱག་དགོས། སྦགས་བཙོག་གཏོང་འབུད་བྱས་འཐུས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། བཙོག་འབུད་བྱེད་མཁན་གྱི་འགན་འཁྲི་ཤུགས་སྣོན་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་གྱི་གདེང་འཇོག་དང་།  བཙན་ཤེད་རང་བཞིན་གྱི་ཆ་འཕྲིན་ཕྱིར་བསྒྲགས་དང་དེར་ཉེས་ཆད་ནན་མོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།      

སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་གྲུབ་ཆ་གཙོ་བོར་འཛིན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་དམངས་བཅས་མཉམ་ཞུགས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུ་དང་། འབད་པ་ཆེན་པོས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་ཁྲོད་དུ་ཞུགས་ཏེ་བཙོག་འབུད་ཇེ་ཉུང་གི་ཁས་ལེན་དོན་འཁྱོལ་བྱ་དགོས།  

དབུལ་ཐར།      

དབུལ་ཕོངས་ཀྱི་མི་འབོར་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་འཇུག་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་ཁས་ལེན་ཡིན།  ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབུལ་སྐྱོར་གནད་འཁེལ་དང་། དབུལ་ཐར་གནད་འཁེལ་མཐའ་འཁྱོངས་ཡོང་བ་བྱས་ཏེ། ཀྲུང་དབྱང་གིས་ཞིང་ཆེན་ལ་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པར་སྤྱི་ཁྱབ་འགན་འཁུར་བའི་ལས་ཀའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་ཀྱི་འགོ་ཁྲིད་དང་པོས་སྤྱི་འགན་འཁུར་བའི་འགན་འཁྲིའི་ལམ་ལུགས་ཤུགས་ཆེར་གཏོང་བ་དང་། དབུལ་སྐྱོར་ཆེན་པོའི་གནས་སྟངས་རྒྱུན་འཁྱོངས་དང་། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་ནན་གྱིས་བཟུང་སྟེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ལག་བསྟར་གཏིང་ཟབ་དང་། ས་ཁུལ་ཤིན་ཏུ་དབུལ་པོའི་རིགས་དབུལ་སྒྲོལ་གྱི་ལས་འགན་གཙོ་གནད་འགག་སྒྲོལ་བྱས་ནས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་རང་རྒྱལ་གྱི་དེང་སྤྱོད་ཀྱི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་རྣམས་དབུལ་བྲལ་མངོན་འགྱུར་ཡོང་བར་ཁག་ཐེག་དང་། དབུལ་ཕོངས་རྫོང་ཡོངས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་ཀྱི་དབུལ་ཕོངས་ཀྱི་གནད་དོན་ཐག་བཅད་ནས་དངོས་གནས་དབུལ་བོ་ཡིན་པ་སྒྲོལ་བ་དང་། དབུལ་ཐར་དངོས་སུ་ཡོང་བ་བྱ་དགོས།