མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཀྲུང་གོ་གོ་མེན་ཏང་གི་ཀྲུའུ་ཞི་ཝུའུ་ཏུང་དབྱི་ཡིས་གློག་འཕྲིན་བཏང་སྟེ་ཞི་ཅིན་ཕིང་གིས་བསྟུད་མར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུའུ་ཞི་ཝུའུ་ཏུང་དབྱི་ཡིས་ཚེས་ཉེར་ལྔ་ཉིན་གློག་འཕྲིན་བཏང་སྟེ་ཞི་ཅིན་ཕིང་གིས་བསྟུད་མར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་གོང་འཕེལ་དུ་འགྲོ་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་མགོ་ཁྲིད་པའི་བར་གྱི་ཐུག་འཕྲད་མངོན་འགྱུར་བྱས་ཏེ། ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས། མ་འོངས་པར་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་མཉམ་ལས་དམ་པོ་བྱས་ནས། མཚོ་འགག་འགྲམ་གཉིས་ཞི་བའི་སྒོ་ནས་གོང་འཕེལ་དུ་གཏོང་བའི་རྣམ་པ་གསར་བ་ཡང་བསྐྱར་གསར་གཏོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཉིན་དེར། ཞི་ཅིན་ཕིང་གིས་ཝུའུ་ཏུང་དབྱི་ལ་བཀའ་དྲིན་ཞུ་བའི་འཕྲིན་ལན་བཏང་། འཕྲིན་ལན་ནང་བསྟན་དོན། 2005ལོའི་ཚུན་ལ། ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་ཐུན་མོང་གི་ཆབ་སྲིད་རྨང་གཞིར་བརྩིས་ཏེ། ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོས་གོང་འཕེལ་གྱི་བགྲོད་ལམ་སྟེང་སྐྱོད་པར་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་ཁེ་ཕན་བསྐྲུན། ཏང་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཟུང་སྟེ། ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་གོང་འཕེལ་དུ་གཏོང་བར་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་པར་ལྷག་བསམ་ཟོལ་མེད་སྒོས་རེ་སྒུག་བྱས་ཡོད་ཟེར།

ཆིན་མེན་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས་དང་ཞིན་མེན་ཏང་གི་ཀྲུའུ་ཞི་ཡུས་མུའུ་མེན་གཉིས་ཀྱིས་ཀྱང་གློག་འཕྲིན་བཏང་སྟེ་ཞི་ཅིན་ཕིང་གིས་བསྟུད་མར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས།