རྒྱུད་ཁོངསXPལ་མཐའ་མཇུག་གི་གྱེས་བརྡ་གཏོང་བ།

  དེ་རིང་སྟེ་སྤྱི་ཟླ4བའི་ཚེས8ཉིན་ཕྲ་མཉེན་སྤྱི་གཉེར་ཁང་གིས་རྒྱུད་ཁོངས་Windows XPལ་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར་གིན་འདུགདེས་ན་རང་རེའི་བོད་ལ་མཚོན་ན་འདི་ནི་གཏམ་བཟང་ཞིག་རེད་དམ་གཏམ་ངན་ཞིག་རེད་ཟེར་ན།གཏམ་བཟང་ཞིག་གོ།

  ཕྲ་མཉེན་གྱི་རྒྱུད་ཁོངསWindows XPནི་ཕྲ་མཉེན་ཚང་གི་ལོ་རྒྱུས་ཐོག་བཀོལ་སྤྱོད་བྱེད་ཡུན་ཆེས་རིང་བའི་རྒྱུད་ཁོངས་ཅིག་ཡིན་ལ་འཛམ་གླིང་ཐོག་ད་ལྟའི་ཆར་ཡང་བརྒྱ་ཆའི་སུམ་ཅུ་ཙམ་གྱིས་རྒྱུད་ཁོངས་འདི་བེད་སྤྱོད་བྱེད་བཞིན་ཡོད་ལ།ལྷག་པར་དུ་རྒྱལ་ནང་ལ་མཚོན་ན་བཀོལ་སྤྱོད་བྱེད་མཁན་བརྒྱ་ཆའི་བདུན་ཅུ་ཙམ་ལ་སླེབས་ཡོད་པ་དང་།སྤྱོད་མཁན་དུང་ཕྱུར་2ལས་བརྒལ་ཡོད་པའི་ཚོད་རེད།

  ཡིན་ཡང་རྒྱུད་ཁོངསWindows XPཁྲོད་དུ་སྔོན་མ་ནས་བོད་ཡིག་འདུས་མེད་སྟབས།བོད་པ་དག་གིས་རྒྱུད་ཁོངས་འདིའི་ནང་བོད་ཡིག་བཀོལ་སྤྱོད་བྱེད་པར་དཀའ་ངལ་ལ་འཕྲད་ཡོད་པ་དང་།རང་གི་ལག་པ་འགུལ་ནས་རྒྱུད་ཁོངས་འདིའི་ནང་ལ་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་སོགས་འཇུག་ཆོག་མོད།འོན་ཏེ་དངོས་སུ་འཇོག་ཤེས་མཁན་ག་ཚོད་ཙམ་ཡོད་དམ།ཡོད་པའི་དབང་དུ་བྱས་ཀྱང་མང་པོ་ཞིག་གིས་ཧ་གོ་ཡི་མེད་སྟབས།བོད་ཡིག་བཀོལ་སྤྱོད་ཐད་ལ་བཀག་རྒྱ་མི་དམན་པ་ཞིག་བཟོས་ཡོད་པ་ནི་སྨོས་མེད་རེད།

  དེ་རིང་ནི་ཕྲ་མཉེན་ཚང་གིས་མགོ་བཟུང་ཏེ་རྒྱུད་ཁོངསWindows XPལ་གྱེས་བརྡ་གཏོང་བཞིན་པས་ན།རང་ཅག་གིས་དགའ་བ་འབུམ་གྱིས་གཏམ་བཟང་འདི་ཀུན་ལ་བསྒྲགས་ན་འོས་པ་དང་།སླད་ཆར་རང་རེའི་རྒྱལ་ནང་ཙམ་མ་ཟད་འཛམ་གླིང་ཡོངས་ནས་རྒྱུད་ཁོངས Windows 7 འམ Windows 8 ཡང་ན་དེ་ལས་གསར་བའི་ Windows རྒྱུད་ཁོངས་བེད་སྤྱོད་བྱེད་སྲིད་པ་དང་།དེ་ཕུད་ཀུ་ཤུའི་རྒྱུད་ཁོངས་ OS X ལ་སོགས་པའི་Linuxརྒྱུད་ཁོངས་ཀྱང་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་ངེས་རེད།རྒྱུད་ཁོངས་འདི་དག་གི་ཁྲོད་དུ་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་སོགས་རང་བཞིན་གྱིས་འདུས་གྲུབ་བྱས་ཡོད་ལ་བདེ་འཇགས་ཐད་ནས་ཀྱང་རྒྱུད་ཁོངསWindowsXPདང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་ཤག་རེད།