ཀྲང་ཏེ་ཅང་གིས་ཧིན་རྡི་ཉི་ཞི་ཡའི་ཆབ་སྲིད་དང་བཅའ་ཁྲིམས་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་དང་དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཀྲང་དང་མཇལ་མོལ་གནང་བ།

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༢ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཧིན་རྡི་ཉི་ཞི་ཡའི་ཙུང་ལི་གཞོན་པའི་སྐད་ཆ་ཤོད་རེས་སྒྲིག་གཞིའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པར་ཕེབས་པའི་ཧིན་རྡི་ཉི་ཞི་ཡའི་ཆབ་སྲིད་དང་བཅའ་ཁྲིམས་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཝེ་ལན་ཐུའོ་དང་ཀྲུང་གོ་དང་ཧིན་རྡི་ཉི་ཞི་ཡའི་མཐོ་རིམ་དཔལ་འབྱོར་གླེང་མོལ་གྱི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཏའར་རྨིན་དང་མཇལ་མོལ་གནང་བ་རེད།

  ཀྲང་ཏེ་ཅང་གིས་ཀྲུང་གོའི་ཕྱོགས་ནས་ཧིན་རྡི་ཉི་ཞི་ཡའི་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཀྱིས་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་ལ་ཤུག་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་མཛའ་གྲོགས་རྨང་གཞི་ཡག་པོ་བརྟན་དུ་གཏོང་རྒྱུ། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་ལེགས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནས་ཧིན་རྡི་ཉི་ཞི་ཡའི་ཁྲིམས་བཙུགས་ལས་ཁུངས་བར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དངོས་དོན་མཉམ་ལས་ཀྱི་རྣམ་པ་བཟང་པོའི་བཅའ་ཁྲིམས་དང་ལམ་ལུགས་ཀྱི་ཁོར་ཡུག་བཏོད་དེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་ཟམ་མི་འཆད་པར་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  ཝེ་ལན་ཐུའོ་དང་ཏའར་རྨིན་གཉིས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།