ཅི་ཞིག་ལ་བཅའ་ཁྲིམས་ཟེར།

  ༡ ཅི་ཞིག་ལ་བཅའ་ཁྲིམས་ཟེར།

  བཅའ་ཁྲིམས་ནི་ཁྲིམས་འཛུགས་དབང་ཆ་ལྡན་པའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་ཀྱི་བརྒྱུད་རིམ་ལྟར་གཏན་འབེབས་དང་བཟོ་བཅོས་བྱས་ཏེ་ཁྱབ་བསྒྲགས་བྱས་པ་ཟད། ད་དུང་རྒྱལ་ཁབ་ཀྱིས་བཙན་ཤུགས་ལ་བརྟེན་ནས་ལག་བསྟར་བྱས་པའི་སྒྲིག་སྲོལ་ཅན་གྱི་སྤྱིའི་མིང་།

  ༢ ཅི་ཞིག་ལ་རྩ་ཁྲིམས་ཟེར།

  རྩ་ཁྲིམས་ནི་བཅའ་ཁྲིམས་ཀྱི་གྲུབ་ཆ་ཡིན་ལ། དེའི་ནང་དུ་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ལུགས་དང་གཞི་རྩའི་འགན་འཁྲི་གཏན་འབེབས་བྱས་ཡོད་པར་མ་ཟད། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་འགན་སྲུང་བྱས་ཡོད་པས། དེ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ་ཆེས་མཐོའི་ཁྲིམས་ཀྱི་བྱེད་ནུས་ཡང་ལྡན།

  ༣ རྩ་ཁྲིམས་ལ་ཆེས་མཐོའི་ཁྲིམས་ཀྱི་བྱེད་ནུས་ལྡན་ཟེར་དོན་ཅི།

  ཁྲིམས་ཀྱི་བྱེད་ནུས་ནི་བཅའ་ཁྲིམས་ཀྱི་བཙན་ཤུགས་རང་བཞིན་དང་གཅུན་ནུས་ལ་གོ རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ནང་དོན་ནི་རྒྱལ་ཁབ་ཀྱི་འཚོ་བའི་ཁྲོད་ཡོངས་ཁྱབ་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་གནད་དོན་ཡིན་པས། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱེད་སྒོའི་རྨང་གཞི་ཡིན། དེའི་རྐྱེན་གྱིས་རྩ་ཁྲིམས་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་ཆེས་མཐོའི་བཅའ་ཁྲིམས་ཀྱི་གོ་གནས་དང་ཁྲིམས་ཀྱི་བྱེད་ནུས་ལྡན།

  ༤ རྩ་ཁྲིམས་ལ་ཆེས་མཐོའི་བྱེད་ནུས་ལྡན། དེ་ཕྱོགས་གང་དག་ནས་མངོན་ཐུབ།

  ༡ རྩ་ཁྲིམས་ནི་བཅའ་ཁྲིམས་གཞན་དག་གི་ཁྲིམས་འཛུགས་གཞི་འཛིན་ས་ཡིན།

  ༢ རྩ་ཁྲིམས་བཅའ་ཁྲིམས་དང་སྡུར་ན། དེར་ཆེས་མཐོའི་ཁྲིམས་ཀྱི་བྱེད་ནུས་ལྡན།

  ༣ རྩ་ཁྲིམས་ནི་རྩ་འཛུགས་ཡོད་ཚད་དང་མི་སྒེར་གྱི་གཞི་རྩའི་བྱ་འགུལ་གྱི་ཚད་གཞི་ཡིན།

  ༥ ཅི་ཞིག་ལ་སྤྱི་དམངས་ཟེར།

  སྤྱི་དམངས་ནི་རྒྱལ་ཁབ་ཅིག་གི་མི་ལ་ཟེར་ཞིང་། རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་གསུམ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཡིན་ཚེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱང་ཡིན།

  ༦ སྤྱི་དམངས་ལ་གཞི་རྩའི་ཁེ་དབང་གང་དག་ཡོད།

  ༼ ༡ ༽འདྲ་མཉམ་གྱི་དབང་ཆ། ༼ ༢ ༽ ཆབ་སྲིད་ཁེ་དབང་དང་རང་དབང་། ༼ ༣ ༽ ཆོས་ལུགས་དད་མོས་རང་དབང་། ༼ ༤ ༽ མི་ལུས་ཁེ་དབང་། ༼ ༥ ༽ སྤྱི་ཚོགས་དཔལ་འབྱོར་གྱི་ཁེ་དབང་། ༼ ༦ ༽ རིག་གནས་སློབ་གསོའི་ཁེ་དབང་། ༼ ༧ ༽ བུད་མེད་དང་རྒན་པ། བྱིས་པར་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་ཐོབ་པའི་ཁེ་དབང་། ༼ ༨ ༽ ཕྱི་སྡོད་རང་མི་དང་ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་ཡི་ཁེ་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ།

  ༧ རང་རྒྱལ་གྱི་སྤྱི་དམངས་ལ་གཞི་རྩའི་འོས་འགན་གང་དག་ཡོད།

  ༼ ༡ ༽ རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་སོ་སོར་མཐུན་སྒྲིལ་བྱེད་པའི་འོས་འགན། ༼ ༢ ༽ རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་། རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་། སྤྱི་བའི་རྒྱུ་ནོར་ལ་གཅེས་སྤྲས། ངལ་རྩོལ་སྒྲིག་ལམ་དང་སྤྱི་བའི་སྒྲིག་ལམ་བརྩི་སྲུང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལེགས་པོར་བརྩི་བཀུར་བྱེད་པ། ༼ ༣ ༽ རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ། ༼ ༤ ༽ མེས་རྒྱལ་ལ་སྲུང་སྐྱོབ་དང་བཙན་འཛུལ་ལ་ངོ་རྒོལ། ཁྲིམས་ལྟར་དམག་དང་དམངས་དམག་ལ་ཞུགས་པའི་འོས་འགན། ༼ ༥ ༽ ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།