བྱིས་པར་ཉི་ཤེལ་གྱོན་དུ་འཇུག་མི་རུང་བ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གནམ་གཤིས་ཇེ་དྲོད་ལ་སོང་བ་དང་བསྟུན་ནས་དབྱར་གཞུང་གི་སྐབས་འདིར་བྱིས་པ་རྣམས་ཉི་ཤེལ་གྱོན་རྒྱུ་ཧ་ཅང་དགའ། གསར་འགོད་བརྟག་དཔྱད་བྱས་པར་གཞིགས་ན། ཚོང་ར་མང་ཆེ་བ་ཞིག་ཏུ་མི་དར་མའི་ཉི་ཤེལ་ཉོ་བའི་ཚ་རླབས་འཕྱུར་བ་དང་མཉམ་དུ་བྱིས་པའི་ཉི་ཤེལ་ཡང་དེ་དང་མཉམ་དུ་ཉོ་མཁན་ཇེ་མང་ལ་སོང་འདུག་མོད། འོན་ཀྱང་ཁྱིམ་བདག་མང་ཆེ་བ་ཞིག་གིས་བྱིས་པ་ཚོས་མིག་ཤེལ་དེ་དག་གྱོན་མི་རུང་བ་ཤེས་ཀྱི་མི་འདུག བདག་གིས་དྲ་ཐོག་ནས་བྱིས་པར་ཉི་ཤེལ་མང་པོ་ཉོས། རིན་གོང་ཕལ་ཆེར་སྒོར30ནས60བར་ཡིན་པ་དང་། བྱིས་པའི་གྱོན་ན་ཧ་ཅང་དུས་རབས་དང་མཐུན་འདུག བུད་མེད་ལེ་ཡི་འདོད་ཚུལ་ལྟར་ན།མོས་དྲ་ཐོག་ནས་བྱིས་པར་མིག་ཤེལ་ཉོ་བའི་རྒྱུ་རྐྱེན་གཙོ་བོ་ནི་བྱིས་པའི་སྐྱེ་གཟུགས་མཛེས་ཆེད་ཉོས་པ་ཡིན་མ་གཏོགས། བྱིས་པར་གནོད་སྐྱོན་ཡོད་མེད་ལ་ཁ་ཡ་བྱེད་མྱོང་མེད་ཟེར། བྱིས་པའི་མིག་ལ་སྲུང་སྐྱོབ་བྱེད་པའི་མང་ཚོགས་ལ་མཚོན་ན།མིག་ཤེལ་གྱོན་རུང་མིན་དེ་བླང་དོར་འབྱེད་དཀའ་བར་འདུག མང་ཚོགས་སྐུ་ཞབས་ཀྲོ་ཡིས་བཤད་རྒྱུར། བྱིས་པའི་མིག་ད་དུང་སྐྱེ་འཕེལ་སྨིན་ཚར་མེད་པས། དབྱར་ཁར་ཕྱི་རོལ་དུ་འགྲོ་སྐབས་མིག་ཤེལ་ཉོས་ནས་བྱིས་པའི་མིག་ལ་སྲུང་སྐྱོབ་བྱས་པ་ཡིན། འོན་ཀྱང་མིག་ཤེལ་གང་དག་ཉོས་ན་འོས་འཚམས་ཡིན་མིན་ཤེས་ཐུབ་མི་འདུག་ཟེར། དེའི་རྗེས། གསར་འགོད་པས་གང་འདོད་དུ་བྱིས་པར་མིག་ཤེལ་ཉོ་བའི་གྲོང་མི་འགའ་འདེམས་ནས་བཅར་འདྲི་བྱས་པ་ན། གྲོང་མི་མང་ཆེ་བ་ཞིག་གིས་བྱིས་པ་མིག་ཤེལ་འཛའ་མིན་ལ་བལྟས་ནས་འདེམས་བཞིན་པ་མ་གཏོགས་བྱིས་པའི་མིག་གི་བདེ་འཇགས་ལ་བསམ་བློ་ཅུང་ཙམ་ཡང་གཏོང་གི་མི་འདུག དུས་མཚུངས་སུ་གསར་འགོད་པས་ཤེས་གསལ་ལྟར་ན། མིག་སྔར་ཚོང་རའི་ནང་དུ་བྱིས་པའི་ཉི་ཤེལ་རྣམ་པ་སྣ་ཚོགས་ཡོད་་པ་མ་ཟད། རིན་གོང་བར་ཁྱད་ཀྱང་ཧ་ཅང་ཆེ་འདུག རིན་གོང་ཆེས་དམའ་བོ་ཅན་ནི་སྒོར་བཅུ་ལྷག་ཡིན་མོད། ཚད་ལྡན་ཚོང་རའི་ནང་དུ་དེ་ལྟ་མ་ཡིན་པར་བྱིས་པའི་ཉི་ཤེལ་ཞིག་ལ་རིན་གོང་སྒོར་བརྒྱ་ལྷག་ཡིན་འདུག

  གསར་འགོད་པས་མིག་ནད་ཆེད་མཁས་པ་ལི་ཞེན་མེན་ལ་བྱིས་པའི་ཉི་ཤེལ་གྱོན་ན་བདེ་ཐང་ཡིན་མིན་ཐད་དུ་བཅར་འདྲི་བྱས་པ་ལྟར་ན། ཁོ་ཡིས་བཤད་རྒྱུར། བྱིས་པ་དག་གིས་ཉི་ཤེལ་གྱོན་ན་ལེགས་པོ་མི་འདུག ལྷག་པར་དུ་ལོ་གསུམ་མན་གྱི་བྱིས་པ་ནུ་འབྱར་ཞིག་ལ་མཚོན་ན་སྐྱེ་འཕེལ་ད་དུང་སྨིན་ཚར་མེད་པས། དུས་ཚོད་རིང་བོར་ཉི་ཤེལ་གྱོན་ན་ཚོར་ཤེས་ལ་གནོད་སྐྱོན་བཟོ་བ་རེད། དེར་མ་ཟད་ཚོང་རའི་ནང་གི་བྱིས་པའི་ཉི་ཤེལ་ལ་བར་ཁྱད་ཧ་ཅང་ཆེ་བ་ནི་གཙོ་བོ་རྒྱུ་སྤུས་ཀྱི་ཐོག་ནས་འབྱེད་ཀྱི་ཡོད་པ་དང་། རྒྱས་སྤུས་དམན་པའི་ཉི་ཤེལ་དག་ནི་གཙོ་བོ་ཚོང་ཁོ་ན་བསམ་ནས་བཙོངས་ཀྱི་ཡོད་པ་རེད། དེར་སྤྱད་པའི་ཤེལ་ལེབ་ནི་མང་ཆེ་བ་སྤོས་འགྱིག་ཡིན་འདུག མིག་ཤེལ་འདི་དག་གྱོན་ན་བཟང་ཆ་སྤུ་ཙམ་ཡང་མེད་པ་མ་ཟད། མིག་གི་ནུས་པ་ཇེ་ཞན་དུ་འགྲོ་བ་རེད་ཟེར། དུས་མཚུངས་སུ་ལི་ཞེན་མེན་གྱིས་བསམ་འཆར་བཏོན་པ་ལྟར་ན། ངེས་པར་དུ་ཚོང་རྫས་རྫུན་མ་དག་གི་གཡོ་འོག་ལ་མི་ཆུད་པར་བྱ་དགོས་ན་མིག་ཤེལ་གྱི་ཤེལ་ལེབ་སྟེང་སྨུག་ཕྱིའི་ཐིག་འགོག་པའི་རྟགས་ཡོད་མེད་ལ་ལྟ་དགོས་པ་མ་ཟད། ཚོང་རྟགས་ཚད་ལྡན་ཡིན་མིན་སོགས་ལ་གསལ་བོར་བལྟ་དགོས་ཟེར།

  ལོ་ཙཱ་བ།རྟ་མགྲིན་དཔལ།

  •