ཚན་རིག་པས་བརྟན་སྐར་འབར་གས་ཀྱི་གསང་བ་བརྟོལ་བ།

  པར་འདི་ལས་སྐར་མ་ཆ་སྡོད་ཀྱི་མ་ལག་ནང་དུ་བརྟན་སྐར་ཆུང་ངུས་སྐར་ཟླ་ཆེ་ཤོས་ཁྱུར་མུད་བྱེད་པའི་ཚུལ་མངོན་ཡོད།

  ཟླ༨པའི་ཚེས༢༠ཉིན་ལ་ཤིན་ཧྭ་གསར་འགྱུར་ཁང་གིས་ཁན་ཕེ་ར་ནས་སྤེལ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་གཉེར་སློབ་ཆེན་གྱིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པ་ནི། སློབ་གྲྭ་དེའི་ཚན་རིག་པས་ཞིབ་འཇུག་ཅིག་ཏུ། དགུ་ཆུའི་སྐར་ཆིལ་ནང་ཉུལ་བའི་སྐར་གཟུགས་ཕྲ་མོ་རྣམས་ནི་ལོ་ངོ་ས་ཡ་ཡར་སྔོན་གྱི་སྐར་མ་ཆ་སྡོད་མ་ལག་ནང་གི་བརྟན་སྐར་ཆུང་ངུ་འབར་གས་ལས་མཆེད་འོང་བའི་སྐར་རྡོག་ཅིག་མིན་འགྲོ་བསམ་བྱུང་བའི་ངེས་པ་རྙེད་འདུག འདིས་མི་རྣམས་ཀྱིས་བརྟན་སྐར་འབར་གས་ཀྱི་རྒྱུ་རྐྱེན་ལེགས་པོ་ཞིག་རྟོགས་པ་ལ་རོགས་བྱེད་ཐུབ་པ་མ་ཟད། བར་སྣང་གི་སྟོང་བའི་ཁམས་ཀྱི་ཞིབ་འཇུག་ལ་ཁོར་ཡུག་ཡངས་པོ་ཞིག་བསྐྱེད་ཡོད་པ་རེད།

  བརྟན་སྐར་ཆུང་ངུ་འདི་ནི་འོད་ཆུང་ལ་མཐུག་པ། དྲོད་ཆེ་བའི་བརྟན་སྐར་རིགས་ཤིག་ཡིན་ཞིང་། ཁ་དོག་དཀར་ལ་གཟུགས་བོངས་ཅུང་ཆུང་སྟབས་མིང་ལ་ཡང་བརྟན་སྐར་དཀར་ཆུང་ཞེས་འབོད། ཞིབ་འཇུག་རྣམ་གྲངས་འདིར་ཞུགས་མཁན་ཨོ་སི་ཁྲུ་ལི་ཡའི་རྒྱལ་གཉེར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ལི་ལི་ཡཱ·ཧྥེ་ལ་ལི་ཨོ་ཡིས་ངོ་སྤྲོད་ལྟར་ན། བརྟན་སྐར་དཀར་ཆུང་འདིའི་དྲོད་ཚད་ཉི་མའི་ལྡབ་1.4ལ་སླེབས་དུས་འབར་གས་བྱུང་ནས་བརྟན་སྐར་དཀར་ཆུང་ཧྲིལ་བོ་དང་ཡང་ན་ཆ་ཤས་ཉམས་དམེ་འབྱུང་སྲིད་ཀྱི་ཡོད། ཧྲིལ་བོ་ཉམས་དུས་འོད་ཆེན་པོ་ལྡན་པའིIaརིགས་ཀྱི་སྐར་མ་གསར་བ་ཞིག་འབྱུང་ཀྱི་ཡོད་ཅིང་། འོད་དེས་སྟོང་བའི་ཁམས་ཀྱི་འོད་མདངས་གཅིག་གྱུར་ཡོང་ཐུབ་པས་སྟོང་བའི་དབྱིངས་ཀྱི་ཁྱོན་དེ་ཚད་འཇལ་བྱེད་ཀྱི་དཔྱད་གཞི་ཚད་ལྡན་ཏུ་བཞག་ཆོག་པ་རེད།

  བརྟན་སྐར་དཀར་ཆུང་དེ་རྒྱུ་རྐྱེན་ག་འདྲ་ཞིག་ལ་བརྟེན་ནས་ད་གཟོད་འབར་གས་བྱུང་བ་ཡིན་ཞེ་ན། ད་སྔ་དེ་སྐོར་གྱི་གཞུང་ལུགས་གཉིས་ཡོད་དེ། གཅིག་ཡིན་ན་བརྟན་སྐར་དཀར་ཆུང་གཉིས་ཀྱིས་སྟུག་ཚད་མཐོ་ཤོས་ཀྱི་བརྟན་སྐར་དཀར་ཆུང་གསར་བ་ཞིག་གྲུབ་པར་བཤད། ཅིག་ཤོས་ལྟར་ན། བརྟན་སྐར་དཀར་ཆུང་གིས་རང་གི་སྐར་ཟླ་ཆེ་ཤོས་ཁྱུར་མུད་བཏང་ནས་བརྟན་སྐར་གསར་བ་ཞིག་བསྐྱེད་པ་ཡིན་ཞེས་འདོད་ལུགས་དེ་གཉིས་བྱུང་། ཧྥེ་ལ་ལི་ཨོ་ཡིས་འདི་སྐད། ཁོང་ཚོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་དེས་འདོད་ལུགས་གཉིས་པར་རམ་འདེགས་ཀྱི་དཔྱད་གཞི་ཞིག་སྤྲད་ཡོད། གཞུང་ལུགས་དེས་བརྟན་སྐར་དཀར་ཆུང་གིས་རང་ཉིད་འབར་གས་འབྱུང་རག་བར་དུ་རང་གི་སྐར་ཟླ་ཆེ་ཤོས་རིགས་ཁྱུད་མུད་བྱེད་ལ། འབར་གས་ཀྱི་ཁྲོད་ནས་སྐར་མ་དེ་ལས་ནུས་ཆེན་ཞིག་མཚར་བསྐྱེད་ཐུབ་ཀྱི་ཡོད་པ་རེད་ཟེར།

   ཨོ་སི་ཁྲུ་ལི་ཡའི་རྒྱལ་གཉེར་སློབ་ཆེན་གྱི་ཚན་རིག་པ་དང་། ཅེ་ཁེ། འཇར་མན། ཧང་ག་རི། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་བཅས་ཀྱིས་ལས་རིགས་བར་མཉམ་ལས་བྱས་ཏེ། འབར་གས་ཐེབས་པ་ལས་མཆེད་ཡོང་བའི་Iaརིགས་ཀྱི་སྐར་མ་ནུས་ཆེན་གྱི་ཆ་ཤས་སྐར་རྡོག་ལེབ་མོ་སྟེ་ཚབ་རྟགས་ལLP 40-365ཞེས་པར་རྒྱང་མཐོང་དུ་མས་ལྟ་ཞིབ་བྱས་པ་ན། སྐར་རྡོག་ལེབ་མོ་དེ་སྐད་ཅིག་དེ་ཉིད་ལ་དགུ་ཆུའི་མ་ལག་དང་བརྒལ་ཐུབ་ཀྱི་ཡོད་པ་རྟོགས་ནས་དེ་ལ་གྲངས་རིག་ཀྱི་མ་དཔེ་བཟོས་ནས་དེའི་ཁྱད་ཆོས་ཏེ་དྲོད་ཚད་དང་། རྫས་འགྱུར། སྟུག་ཚད་བཅས་ཀྱི་གྲུབ་ཚད་གཏན་འཁེལ་བྱས། ཞིབ་འཇུག་དེའི་གཞིར་བཟུང་ནས་ཞིབ་འཇུག་པས་སྐར་མ་ཆ་སྡོད་ཅིག་གི་མ་ལག་ནང་དུ་སྟུག་ཚད་མཐོ་ཤོས་ཀྱི་བརྟན་སྐར་དཀར་ཆུང་ཞིག་གིས་རང་གི་སྐར་ཟླ་ལས་རྫས་མང་པོ་ཚར་ལེན་ཞིང་། ཚར་བླངས་པའི་རྫས་ཇེ་མང་དུ་སོང་སོང་ཚེ་རང་གིས་ཚོད་འཛིན་དཀའ་བའི་དྲོད་ཆེན་པོ་ཞིག་རྒྱས་ཡོང་ནས་སྐར་མ་ཆ་སྡོད་ཀྱི་མ་ལག་དེ་མཐའ་མར་འབར་གས་ཐེབས་འགྲོ་བ་དང་། འབར་གས་ལས་མཆེད་པའི་སྐར་རྡོག་ལེབ་མོ་དེ་བར་སྣང་ཁམས་ལ་འཐོར་ནས་སྟོང་བའི་དབྱིངས་འདི་ནས་ལོ་ངོ་ས་ཡ་ཙམ་དུ་འཕུར་སྐྱོད་བྱས་ཡོད་ཚུལ་བསྟན་འདུག །

  ལོ་ཙཱ་བ། ཁོན་ཐར་འཚོ།