གློག་དམར་བརྒལ་རྗེས། རླངས་འཁོར་གྱིས་འདི་ལྟར་བྱས་ན་སྐར་དྲུག་པོ་འཐེན་མི་སྲིད།

  

  རླངས་འཁོར་ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་སྐོར་དུས་སུ་ཆེས་སྐྲག་ས་ནི་རླངས་འཁོར་གྱི་དོན་རྐྱེན་དང་། དོན་རྐྱེན་བྱུང་དུས་ལམ་གྱི་སྒྲིག་ལམ་དང་འགལ་ནས་ཉེན་རྟོག་པས་སྐར་མ་འཐེན་ནས་ཆད་པ་གཅོད་པ་དེ་རེད། ༢༠༡༧ལོར་འགྲིམ་འགྲུལ་ཉེན་རྟོག་པས་ཡང་བསྐྱར་སྐར་མ་འཐེན་པའི་ཚད་གཞི་ཇེ་མཐོར་བཏང་བ་མ་ཟད། ཁ་ལོ་བས་སྐར་མ་ཉོས་ནས་འཐེན་པ་ཁ་གསབ་བྱེད་ལུགས་དེ་གཏན་འགོག་བྱས་ཡོད་པ་རེད། གལ་སྲིད་སྐར་མ་ཁ་གསབ་བྱེད་པ་ཤེས་རྗེས་ཐད་ཀར་ཁ་ལོ་བའི་འཛིན་བྱང་མེད་པར་གཏང་རྒྱུ་རེད་ཅེས་བཤད་འདུག

  

  དུས་རྒྱུན་རླངས་འཁོར་སྐོར་དུས་སུ་སྐར་མ་འཐེན་པ་ཆེས་མང་པ་ནི་གློག་དམར་བརྒལ་ནས་ཆད་པ་གཅོད་པ་དེ་རེད། ༢༠༡༧ལོའི་འགྲིམ་འགྲུལ་སྒྲིག་སྲོལ་གསར་བའི་ནང་དུ། དམིགས་སུ་གློག་དམར་བརྒལ་བའི་སྒྲིག་འགལ་དོན་རྐྱེན་ལ་སྐར་མ་དྲུག་འཐེན་ནས་ཐག་གཅོད་རྒྱུ་གཏན་ལ་ཕབ་འདུག

  

  

  ང་ཚོས་ཤེས་རྒྱུ་ཞིག་ནི་ཁ་ལོ་བའི་འཛིན་བྱང་ལ་གཟའ་འཁོར་གཅིག་ནང་སྐར་༡༢ལས་མེད། གལ་ཏེ་ཐེངས་གཉིས་ལ་སྟབས་མ་ལེགས་པར་གློག་དམར་བརྒལ་ན་སྐར་བཅུ་གཉིས་པོ་འཐེན་སྲིད་པས། སྐར་མ་དེ་འཐེན་མི་ཐུབ་པའི་ཐབས་མཆོག་ཉག་ཅིག་ཡོད་དེ། དུས་རྒྱུན་གློག་དམར་བརྒལ་བའི་གོ་བ་དེ་འགྲིམ་འགྲུལ་ཉེན་རྟོག་དང་ང་ཚོའི་གོ་བ་ལེན་སྟངས་ལ་དེ་ཁྱད་པར་ཅུང་ཟད་ཅིག་འདུག ང་ཚོས་སྣང་ངོར་གློག་དམར་བརྒལ་བ་ནི་ལམ་རྟགས་ལས་བརྒལ་བ་རེད་བསམ་ཡོད།

  

  གལ་ཏེ་ལམ་རྟགས་ལས་བརྒལ་མ་ཐག་བསྐྱོད་མཚམས་མྱུར་དུ་བཞག་ན། སྐར་མ་འཐེན་པའམ་ཆད་པ་གང་ཡང་མི་གཅོད་པ་རེད། གལ་ཏེ་གློག་དམར་བརྒལ་མ་ཐག་མུ་མཐུད་ནས་ཆས་པ་ཡིན་ན་སྐར་མ་འཐེན་ནས་ཆད་པ་གཅོད་པ་རེད། ཁྱད་པར་འདི་རླངས་འཁོར་ཁ་ལོ་བ་རྣམས་ཀྱིས་ཤེས་པར་གྱིས་དང་། ལམ་རྟགས་ཕྱེད་བརྒལ་བའམ་ཧྲིལ་བོར་བརྒལ་བའི་སྐབས་སུ་འཚབ་ཆ་མི་ལངས་པར་ལམ་སང་བསྡད་ན་ཆད་པ་དང་སྐར་མ་གཉིས་ཀ་སྲུང་ཐུབ་བོ། །

  

  གོང་གི་འདི་གློག་དམར་བརྒལ་བའི་ཆད་པ་གཡོལ་ཐབས་ཙམ་ཡིན་པས། དུས་རྒྱུན་ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་སྐོར་དུས་གློག་དམར་བརྒལ་བར་ཧ་ཅང་གཟབ་དགོས། ད་ལྟ་རླངས་འཁོར་ཧ་ཅང་མང་རྐྱེན་གློག་དམར་བརྒལ་སྐབས་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་པས། ཁ་ལོ་བ་སུ་དང་སུ་ཡིན་རུང་མ་མཐའ་ཡང་དེ་ལྟ་བུའི་དོན་རྐྱེན་མ་འབྱུང་བ་ལ་གཟབ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།

  ལོ་ཙཱ་བ། ཁོན་ཐར་འཚོ།