ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་དབྱིན་འགྱུར་མ་ཨ་མེ་རི་ཀ་ནས་པར་སྐྲུན་འགྲེམ་སྤེལ་བྱས་འདུག་པ།

  ཞི་བདེ་ཉི་མས་བོད་ཡིག་གི་ལམ་ནས་བརྩམས་པའི་སྙན་རྩོམ་རིང་མོ«གངས་ལྗོངས་སྨོན་ལམ་ཆེན་མོའི»དབྱིན་འགྱུར་མ་དེ། ཉེ་ལམ་ཨ་མེ་རི་ཀ་ནས«ཡ་གླིང་མཐའ་ཁུལ་གྱི་སྙན་རྩོམ་ཕྱོགས་བསྡུས»ཟེར་བའི་དཔེ་དེབ་ནང་གདམས་ནས་པར་སྐྲུན་འགྲེམ་སྤེལ་བྱས་འདུག དཔེ་དེབ་འདིའི་ནང་ཁྱོན་བསྡོམས་ཡ་གླིང་རྒྱལ་ཁབ་ཁག་གི་སྙན་ངག་པ་བཞི་བཅུ་ཞེ་བརྒྱད་ཀྱི་བརྩམས་ཆོས་འདེམས་སྒྱུར་བྱས་ཡོད་པ་དང་། བོད་ནང་དུ་བོད་ཡིག་གི་ལམ་ནས་སྙན་ངག་འབྲི་མཁན་ཞི་བདེ་ཉི་མ་དང་། རྒྱ་ཡིག་གི་ལམ་ནས་སྙན་ངག་འབྲི་མཁན་བཀྲ་ཤིས་ཚེ་རིང་གཉིས་ཀྱི་བརྩམས་ཆོས་བདམས་ཡོད་པ་རེད།

     «གངས་ལྗོངས་སྨོན་ལམ་ཆེན་མོ»ཟེར་བའི་སྙན་རྩོམ་རིང་མོ་འདི་ནི། ཉིས་སྟོང་བཅུ་བཞི་ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པའི་སྟེང་བཀོད་ཡོད་ལ། སྙན་ངག་འདིའི་རྒྱ་འགྱུར་མར་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོའི་ཁྱད་འཕགས་སྙན་རྩོམ་བྱ་དགའ་ཐོབ་པ་དང་། པེ་ཅིན་ཡན་ཧྲན་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།