ལྔ་གཅིག་སྔ་རོལ་དུ་བཏང་བའི་སྒྲིག་འགལ་ཉེན་བརྡ།

  ཀྲུང་གོའི་སྒྲིག་བཤེར་ཨུ་ལྷན་གྱིས་སྤྱོད་ཚུལ་བཞི་འགོག་རྒོལ་ནན་སྐུལ་བྱས་པ།

   སློབ་རའི་སྤྱོད་ཚུལ་བཞིའི་གནད་དོན་ཐུན་མོང་ཐེར་འདོན་བྱས་པ།

  ལྔ་གཅིག་གི་སྔ་རོལ་ཏུ་ཀྲུང་གོའི་སྒྲིག་བཤེར་ཨུ་ལྷན་གྱིས་ལྔ་གཅིག་ངལ་རྩོལ་དུས་ཆེན་དང་ལུགས་རྙིང་གི་ལྔ་བའི་ཚེས་བཞིའི་དུས་ཆེན་སྐབས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་དམིགས་ནས་ལྟ་རྟོག་ཞུ་གཏུག་གི་ཆེད་བཀོལ་འཕྲིན་སྟེགས་བཙུགས་པ་དང་ཆབས་ཅིག་ཏུ་སློབ་ཆེན་དང་ཏང་སྲིད་སྡེ་ཚན་དུ་བྱུང་བའི་སྒྲིག་འགལ་གྱོད་དོན་དཔེ་མཚོན་ཅན་མི་ཉུང་བ་ཞིག་ཐེར་འདོན་བྱས་པ་དང་། དུས་ཆེན་གྱི་སྔ་རོལ་ཏུ་དྲན་སྐུལ་གྱི་ཚུལ་དུ་ཀྲུང་དབྱང་ནས་ས་གནས་བར་གྱི་སྒྲིག་བཤེར་སྡེ་ཚན་སོ་སོར་སྤྱོད་ཚུལ་བཞི་ལ་དམ་འཛིན་དགོས་པའི་བཀའ་ནན་བསྒྲགས།

  ཟླ༤བའི་ཚེས༢༧ཉིན་ལ་ཀྲུང་གོའི་སྒྲིག་བཤེར་ཨུ་ལྷན་དྲ་ཚིགས་ཀྱིས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དུ་བསྡུས་པའི་ཏང་སྲིད་སྲི་ཚགས་འཛུགས་སྐྱོང་དང་དྲན་སྐུལ་སློབ་གསོ་ཚོགས་ཆེན་ཐད་ཀྱི་གནས་ཚུལ་སྤེལ་ཡོད་ཅིང་། ཚོགས་ཐོག་ཏུ་སློབ་གྲྭ་དེའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་སྤྱོད་ཚུལ་བཞིའི་གནད་དོན་དྲུག་གི་གྱོད་ཉེས་ཡོངས་བསྒྲགས་བྱས་ནས་སློབ་གྲྭའི་མི་བཞི་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་པ་དང་། མི་གཉིས་ལ་སློབ་འདོམ་སྐུལ་ལྕག་གི་ཁ་ཏ་བྱས། སློབ་གླིང་གསུམ་གྱི་འགོ་ཁྲིད་ལ་ཐུན་མོང་ཐོག་སློབ་འདོམ་སྐུལ་ལྕག་གི་གླེང་མོལ་བྱས། ལས་ཁུངས་བརྒྱད་ལ་ཡོ་བསྲང་བྱས།

  ཟླ༤བའི་ཚེས༢༠ཉིན་ནས་ཚེས༢༥ཉིན་བར་དུ་པེ་ཅིང་སློབ་ཆེན་དང་ལན་གྲུ་སློབ་ཆེན་ལ་སྤྱོད་ཚུལ་བཞིའི་གནད་དོན་ཡོད་སྐོར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་དྲ་བས་ཐེར་འདོན་བྱས་འདུག གནད་དོན་དེ་ནི་པེ་ཅིང་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་སྤྱི་ཁྱབ་ལས་དོན་གྱི་འགན་བཞེས་པའི་ཝང་ཡང་ལིན་གྱིས་ཐེངས་དུ་མར་དྲང་བདེན་གྱི་ལས་སྒྲུབ་དང་གཞུང་ལས་ལ་བགེགས་ཆེ་བའི་གསོལ་སྟོན་དང་ལེན་བྱས་པ་རྩད་ཆོད་དེ་ཏང་ནང་ཁུལ་གྱིས་ཐ་ཚིག་བསྒྲགས་པ་དང་། སློབ་གཙོ་གཞོན་པ་དང་སློབ་དོན་ཁང་གི་འགོ་གཙོའི་འགན་ལྕོགས་བཞེས་པའི་ཀའོ་སུང་སྒྲིག་འགལ་གྱིས་གསོལ་སྟོན་ལ་ཞུགས་པའི་གནད་དོན་ལ་དྲན་སྐུལ་གླེང་མོལ་བྱས། ལན་གྲུ་སློབ་ཆེན་གྱི་སློབ་གྲྭའི་ཏང་ཨུའི་ཨུ་ཡོན་ལྔ་ལ་ཏང་ནང་ནས་ཐ་ཚིག་བསྒྲགས། དེའི་ཡར་སྔོན་ཏེ༢༠༡༥ལོའི་ཟླ༡༡པ་ནས་ཟླ༡༢པའི་སྟོད་ལ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དྲ་ཚིགས་ཀྱིས་སྔ་རྗེས་སུ་ཀྲུང་གོའི་སྨྱན་བྱད་སློབ་ཆེན་དང་། ཀྲུང་དབྱང་རོལ་དབྱང་སློབ་གླིང་། པེ་ཅིང་སྦྲག་ཏར་སློབ་ཆེན། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་སོགས་སློབ་ཆེན་བཞིའི་འགོ་ཁྲིད་ཀྱི་སྒྲིག་འགལ་གྱོད་དོན་ཐེར་འདོན་བྱས།

   ལྔ་གཅིག་སྔོན་ལ་ཀྲུང་དབྱང་སྒྲིག་བཤེར་གྱིས་མི་འདི་དག་གི་མིང་བཟུང་ནས་གནད་དོན་ཐེར་འདོན་བྱས་པ།

  ལྔ་གཅིག་སླེབས་ལ་ཉེ་བའི་དུས་འདིར། གོང་གསལ་གྱི་སློབ་ཆེན་གྱི་སྤྱོད་ཚུལ་བཞིའི་གནད་དོན་ཕུད། ཉེ་བའི་དུས་ཚུན་ལ་ཡང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་དེ་གའི་དྲ་ཚིགས་སུ་བསྟུད་མར་སྤྱོད་ཚུལ་བཞིའི་གནད་དོན་ཡོད་པའི་གྱོད་གཞི་དཔེ་མཚོན་ཅན་ཉིན་དུ་མར་ཐེར་འདོན་བྱས་འདུག ཟླ༤བའི་ཚེས༢༥ཉིན་ལ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན༧ཐེར་འདོན་བྱས་ཤིང་། འགོ་ཁྲིད་ལས་བྱེད༡༡གི་གནད་དོན་ཕྱིར་བསྒྲགས།

  ཟླ༤བའི་ཚེས༢༧ཉིན་རྒྱལ་དབང་ས་ཞིང་ཐོན་ཁུངས་པུའུ་སྣུམ་རླངས་ཐོན་ཁུངས་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་། ཀྲུའུ་རེན་གཞོན་པ་ཀྲའོ་ཞིན་ལིང་སོགས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སི་དང་ཅུས་རིམ་པའི་ལས་བྱེད་དྲུག་སྒྲིག་སྲོལ་ལ་ཐོགས་པར་སོ་སོའི་མིང་བསྒྲགས་ནས་ཐེར་འདོན་བྱས།

  ཟླ༤བའི་ཚེས༢༥ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཡང་བསྐྱར་ལྔ་གཅིག་དུས་ཆེན་དང་ལུགས་རྙིང་གི་ལྔ་བཞི་དུས་ཆེན་སྐབས་ལ་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་ལྟ་རྟོག་བྱེད་ས་ཆེད་དོན་འཕྲིན་སྟེགས་ཤིག་བཙུགས་ནས་དྲ་གྲོགས་རྣམས་ལ་ལྟ་རྟོག་དང་ཞུ་གཏུག་གི་དབང་སྤྲད་དེ་དུས་ཆེན་ལ་གཞུང་དངུལ་ཟ་བ་དང་ཏང་ཡོན་ལས་བྱེད་ཀྱིས་ལེགས་སྐྱེས་ལེན་པ་ལ་སོགས་པའི་ཚུལ་མིན་བྱ་སྤྱོད་མཐོང་དུས་འཕྲིན་སྟེགས་སུ་ཞུ་གཏུག་བྱས་ཆོག ། ཟླ༥བའི་ཚེས༣ཉིན་ནས་བཟུང་དྲ་བས་གཟའ་འཁོར་བཞིའི་རིང་ལ་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩད་ཞིབ་བྱུང་བའི་གནད་དོན་ཅན་ལ་དམིགས་བཙུགས་ནས་མིང་རེ་རེ་བསྒྲགས་ཏེ་ཐེར་འདོན་བྱ་རྒྱུ་རེད།

   ད་ལོའི་ལྔ་གཅིག་ལ་ས་ཁུལ་སོ་སོས་རུལ་སུངས་ལ་ཅི་ལྟར་རྒོལ་བ།

   ཟླ༤བའི་ཚེས༢༥ཉིན་ལ་རྒྱལ་གཞུང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་སྒྲིག་བཤེར་ཚན་ཆུང་གིས་ལྔ་གཅིག་དང་ལུགས་རྙིང་གི་ལྔ་བཞི་ལ་དམིགས་ནས་བརྡ་ཐོ་བཀྲམས། བརྡ་ཐོའི་ནང་དུ་མི་རུང་བའི་བླང་བྱ་བཅུ་གཅིག་བཏོན་ཡོད་ཅིང་། བླང་བྱ་དེ་དག་ནང་ཚོགས་པ་སྒྲིག་འཛུགས་བྱས་ནས་ཕ་ཡུལ་གཅིག་པའི་འདུ་འཛོམས་དང་། སློབ་གྲོགས་སྤྲོ་འཛོམས། འཐབ་གྲོགས་སྤྲོ་འཛོམས་ལ་སོགས་ཀྱི་འདུ་ཚོགས་བཤམ་མི་རུང་བ་དང་།གཞུང་འཁོར་སྒེར་སྤྱོད་དང་། སྒེར་འཁོར་གཞུང་གསོ། ཡང་ན་འོག་རིམ་ལས་ཁུངས་དང་གཞན་གྱི་སྒེར་འཁོར་གཡར་སྤྱོད་བྱེད་པ་སོགས་གཏན་ནས་མི་རུང་བ་སོགས་གསལ་བོར་བསྟན་འདུག་པས། ཁྲུང་ཆིང་དང་། མཚོ་སྔོན། ཧའེ་ནན། ཡུན་ནན། ཧེ་པེ། ཧའེ་ལུང་ཅང་སོགས་ཞིང་ཆེན་དུ་མའི་སྒྲིག་བཤེར་ཨུ་ལྷན་གྱིས་ཆེད་དུ་ལྔ་གཅིག་དང་ལུགས་རྙིང་གི་ལྔ་བཞིའི་དུས་ཆེན་སྐབས་ལ་ལྟ་རྟོག་ནན་མོ་བྱ་རྒྱུའི་བརྡ་ཐོ་བཀྲམས་པ་རེད།

  ལོ་ཙཱ་བ།ཁོན་ཐར་འཚོ།