2017ལོའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་དུས་ཚོད་ཕྱིར་བསྒྲགས་པ།

  ཀྲུང་གོའི་གསར་འགྱུར་དྲ་བས་ཟླ༤བའི་ཚེས༢༥ཉིན་སྤེལ་བའི་འཕྲིན། སློབ་གསོ་པུའུ་དྲ་ཚུགས་སུ་བཀོད་པའི་གསར་འགྱུར་ལྟར་ན། སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་ཉེ་ལམ་༢༠༡༧ལོའི་སློབ་གྲྭ་དཀྱུས་མ་དང་མཐོ་རིམ་སློབ་གྲྭས་རྒྱལ་ཡོངས་སུ་གཅིག་གྱུར་ཐོག་སློབ་མ་བསྡུ་བའི་རྒྱུགས་ལེན་གྱི་དུས་ཚོད་དང་གཅིག་གྱུར་རྒྱུགས་ལེན་གྱི་བསླབ་གཞི་བཀོད་སྒྲིག་སྐོར་གྱི་བརྡ་ཐོ་བཀྲམས། བརྡ་ཐོ་ནང་དུ་༢༠༡༧ལོའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་དུས་ཚོད་དེ་ཟླ༦པའི་ཚེས༧ཉིན་དང་༨ཉིན་གཉིས་ལ་གཏན་འཁེལ་བྱས་ཡོད་པ་མ་ཟད། ཞིང་ཆེན་(ལྗོངས་དང་གྲོང་ཁྱེར)ཁག་གི་རྒྱུགས་གཞིའི་མཚན་མིང་དེ་རྒྱལ་ཡོངས་གཅིག་གྱུར་ཀྱི་བསླབ་གཞིའི་མཚན་མིང་དང་གཅིག་ཡིན་ན་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་དུས་ཚོད་བཀོད་སྒྲིག་དང་ངེས་པར་དུ་མཐུན་དགོས་པའི་བླང་བྱ་བཏོན་འདུག །

  བརྡ་ཐོ་ནང་དུ་བཀོད་སྒྲིག་བྱས་པའི་རྒྱུགས་གཞི་དང་རྒྱུགས་ལེན་དུས་ཚོད་ནི་གཤམ་གསལ།

  ཟླ༦པའི་ཚེས༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༡དང་ཕྱེད་ཀའི་བར་རྒྱའི་སྐད་ཡིག་དང་། ཕྱི་དྲོའི་ཆུ་ཚོད༡༥ནས་༡༧བར་གྲངས་རིག་ལེན་རྒྱུ།

  ཟླ༦པའི་ཚེས༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༡དང་ཕྱེད་ཀའི་བར་རིག་གནས་ཚན་པའི་ཕྱོགས་བསྡུས་དང་རང་བྱུང་ཚན་རིག་ཕྱོགས་བསྡུས་གཉིས་ལེན་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད༡༥ནས་༡༧བར་དུ་ཕྱིའི་སྐད་ཡིག་ལེན་རྒྱུ། ཕྱི་སྐད་ཉན་རྒྱུགས་དེ་ཡིག་རྒྱུགས་ཀྱི་སྔོན་ལ་བཀོད་སྒྲིག་བརྒྱབ་འདུག་གོ། 
     ཞིང་ཆེན་(ལྗོངས་དང་གྲོང་ཁྱེར)ཁག་གི་རྒྱུགས་གཞིའི་མཚན་མིང་དེ་རྒྱལ་ཡོངས་གཅིག་གྱུར་ཀྱི་བསླབ་གཞིའི་མཚན་མིང་དང་གཅིག་ཡིན་ན་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་དུས་ཚོད་བཀོད་སྒྲིག་དང་ངེས་པར་དུ་མཐུན་དགོས་པ་མ་ཟད། རྒྱུགས་ལེན་གྱི་བསླབ་གཞི་དང་དུས་ཚོད་ཞིབ་ཕྲ་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་རྒྱུགས་དོན་དོ་དམ་འཕྲིན་སྟེགས་བརྒྱུད་དེ་སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་སུ་སྙན་ཞུ་བྱེད་དགོས་པ་དང་།   གོང་གསལ་དུ་བཀོད་པའི་བསླབ་གཞི་ལྟར་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་ལེགས་པོ་བརྒྱབ་ནས་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་རྒྱུགས་ལེན་གྱི་བསླབ་གཞི་དང་དུས་ཚོད་ཡོངས་བསྒྲགས་བྱེད་དགོས།



ལོ་ཙཱ་བ། ཁོན་ཐར་འཚོ།