མཚོ་སྔོན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་སློབ་མ་དང་ཁྱིམ་བདག་རྣམས་ལ་བཏང་བའི་གསལ་བརྡ།

  རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམ་པ། མཐོ་རྒྱུགས་ཀྱི་སློབ་མ་བསྡུ་བའི་ལས་ཀ་འགོ་རྩོམ་ལ་ཉེ་བའི་སྐབས་འདིར་ངེད་གཞུང་སྒྲུབ་ཁང་གིས་ཁྱེད་ཅག་གིས་ངེས་དགོས་པའི་འབྲེལ་ཡོད་དོན་ཚན་ཁག་ཅིག་གསལ་བཤད་གནང་བ་གཤམ་ལྟར།

  གཅིག ཉེ་ལམ་སྤྱི་ཚོགས་ཐོག་གི་ལས་ཁུངས་དང་དྲ་ཚིགས་འགའ་རེས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གི་མིང་གཡར་ནས་སློབ་མས་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་ཐད་ཀྱི་བློ་འདྲི་ཞབས་ཞུ་སོགས་སྒྲུབ་བཞིན་པའི་གནས་ཚུལ་བྱུང་འདུག ངེད་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་འདི་ལྟ་བུའི་ལས་དོན་རྩ་འཛུགས་བྱས་མེད་ལ། ལས་ཁུངས་གང་ལ་མངག་བཅོལ་དང་མི་སྒེར་ལ་ཆོག་འཐུས་གང་ཡང་གནང་མེད་པས་འདིར་དམིགས་སུ་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་དང་ཁྱིམ་བདག་རྣམས་ཀྱིས་དབྱེ་འབྱེད་གསལ་བོ་བྱས་ནས་གཡོ་འོག་ཏུ་མི་ཚུད་པར་དྲན་སྐུལ་བྱས་པ་ཡིན།

  གཉིས། རྒྱ་ཆེའི་རྒྱུགས་ཞུགས་སློབ་མའི་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་བསྐང་བ་ལ་ཟུར་ལྟའི་དཔྱད་གཞི་འདོན་ཆེད། ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་དོན་དངོས་ལ་སྦྱར་ནས་དྲ་ཐོག་ནས་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་སྐོང་སའི་མ་ལག་ནང་དུ་མཚོ་སྔོན་ཞིང་ཆེན་སློབ་ཆེན་རྒྱུགས་ཞུགས་སློབ་མས་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་བསྐང་བའི་མ་ལག་ཅིག་གསར་ཏུ་བཏོད་དེ་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་བསྐང་བར་རམ་འདེགས་བྱེད་ས་ཞིག་བཟོས་པ་མ་ཟད། མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ཚིགས་སུ་དེའི་སྐོར་ལ་གསལ་བཤད་ཞིབ་ཕྲ་གནང་ཡོད། སྤྱི་ཟླ༦པའི་ཚེས༢༢ཉིན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ་དེ་སྐོར་གྱི་བྱེད་ནུས་དང་བཀོལ་སྟངས་སོགས་ཡང་བསྐྱར་ངོ་སྤྲོད་བྱེད་རྒྱུ་ཡིན།

  གསུམ། སྤྱི་ཟླ༦པའི་ཚེས༢༦ཉིན་ནས་ཚེས༢༨ཉིན་བར་དུ་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་གཞུང་སྒྲུབ་ཐོག་ཁང་གི་གཅིག་ཐོག་གི་བློ་འདྲི་ཞབས་ཞུ་ཚོམས་ཆེན་དུ་ཉིན་གསུམ་རིང་གི་སློབ་བསྡུའི་སྲིད་ཇུས་ཀྱི་དོགས་གནད་སྐོར་ནས་ཞབས་ཞུ་འདོན་རྒྱུ་དང་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་ལ་ཁྲིད་སྟོན་བྱ་རྒྱུ། དེ་དང་ཆབས་ཅིག་ཏུ་ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་སློབ་བསྡུ་གཞུང་སྒྲུབ་ཁང་། སློབ་འབྲིང་ཁག་གིས་ཀྱང་བར་སྐབས་དེར་རང་ས་གནས་ནས་སློབ་གྲྭ་འདེམ་གསེས་ཀྱི་རེའུ་མིག་བསྐང་རྒྱུ་ཡིན་པས། དེ་དག་ལ་ཡང་བབ་བསྟུན་གྱི་ཁྲིད་སྟོན་དང་བློ་འདོན་གྱི་ཞབས་ཞུ་འདོན་རྒྱུ་ཡིན།

  ཞེས་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས༢༠༡༧ལོའི་ཟླ༦པའི་ཚེས༡༩ཉིན་ལ་སྤེལ།

  ལོ་ཙཱ་བ། ཁོན་ཐར་འཚོ།