མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལང་ཚོ་རྒྱས་པའི་དུས་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས།

—— གཞི་རིམ་དུ་གནས་སྡོད་བྱེད་མཁན་གྱི་གནས་ཚུལ་སྐོར་བཀོད་པ།ལང་ཚོ་རྒྱས་པའི་དུས་ཀྱི་གཟི་འོད་འདི་རྒྱལ་ཁབ་ཀྱི་ལས་དབང་དང་གཅིག་ཏུ་འདྲེས། གཞོན་ནུ་འཚར་ལོངས་ཡོང་བ་དང་རྒྱལ་ཁབ་ཡར་རྒྱས་ཡོང་རྒྱུ་ཐུན་མོང་ཐོག་གོང་འཕེལ་ཡོང་བར་བྱེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་པའི་མཚམས་སུ་མེས་རྒྱལ་ས་གནས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་གཞོན་ནུ་ཚོས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་ཡོང་བའི་ཡིད་ཆེས་དང་སྤྲོ་སེམས་མཚོན་པར་བྱས་པ་མ་ཟད། ལང་ཚོའི་ཕུགས་འདུན་ཡང་མངོན་པར་བྱས་ཡོད།

སྙིང་སྟོབས། སྦྱོང་བརྡར་ཁྲོད་ཉམས་སད་ཐེག་པ་དང་འབད་འཐབ་ཁྲོད་རྒྱུན་འཛིན་བྱེད།

དམག་དཔུང་ནང་ཞུགས་ནས་རྒྱལ་ཁབ་ལ་དྲིན་གཟོ་རྒྱུའི་ཕུགས་འདུན་འཆང་མཁན་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་2015ལོའི་སློབ་མ་ཝེ་ཁྲེང་དབྱང་གནས་སྐབས་སློབ་གྲྭ་ནས་ཁ་གྱེས་ཏེ་དམག་གསར་ཞིག་ཏུ་གྱུར། ལོ་ན་20ལ་སོན་པའི་ཁོང་གིས་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་བཞིན་ཡོད།

དུས་ཡུན་རིང་བའི་གུང་གསེང་མཇུག་འགྲིལ་མ་ཐག་ཅང་སུའུ་ཧོའེ་ཨན་དུ་གནས་པའི་ཀྲོའུ་ཨེན་ལའེ་ཡི་དྲན་གསོ་ཁང་དུ་ལྟ་སྐོར་དུ་ཡོང་མཁན་མང་པོ་ཡོད། འགྲེལ་བཤད་རྒྱག་མཁན་ཤེ་མེ་ཞ་ཡིས་ཧྲན་ཤིས་ནས་ཡོང་བའི་གྲོང་གསེབ་ཀྱི་གཞོན་ནུ་དགེ་རྒན་ཁག་གཅིག་ལ་སྣེ་ལེན་ཞུ་བཞིན་ཡོད།

“འགྲེལ་བཤད་ཐེངས་རེ་རྒྱག་པ་དེ་ཉམས་སད་ཐེངས་ཤིག་རེད། གཞོན་ནུ་མི་རབས་ནས་མི་རབས་ཀྱིས་རྒྱུན་འཛིན་འབད་འཐབ་བྱས་ཚེ་མི་རིགས་བསྐྱར་དར་གཞི་ནས་ཡོང་ཐུབ”ཅེས་ཤེ་མེ་ཞ་ཡིས་བརྗོད་ཅིང་། ཁོང་གིས་རང་ངོས་ཀྱི་འབད་བརྩོན་ལྡབ་བརྒྱར་བརྟེན་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་གསར་བརྗེ་པ་རྒན་རབས་ཚོའི་བླ་ན་མ་མཆིས་པའི་སྙིང་སྟོབས་མི་དེ་བས་མང་བར་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཞེས་བརྗོད།

རང་རྒྱལ་གྱི་བྱང་རྒྱུད་དུ་གནས་པའི་ཏ་ཆིང་སྣུམ་གཏེར་གྱི་ཁང་ཕྱིའི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་སླེབས་ཟིན། མཁའ་དབྱིངས་སུ་མཐོ་ཚད་སྨི་གསུམ་ལྷག་ཙམ་ཡོད་པ་དང་གང་སར་བརྟག་དཔྱད་ཆུ་ཚོད་སྒྲིག་སྦྱོར་བྱས་ཡོད་པའི་ཁང་ཕྱིའི་ལས་སྒྲུབ་བྱ་ཡུལ་དུ་ལོ་ན་35ལ་སོན་པའི་གསོར་ཁྲོན་རུ་ཁག་གི་བཟོ་པ་ཏེང་ལུང་པིང་གིས་གསོར་འབིགས་ཡོ་བྱད་གཤམ་དུ་གཏོང་བའི་མྱུར་ཚད་དང་ཏུན་གྲངས་ཐེག་ཚད་ལ་ཡིད་གཟབ་ངང་ཚོད་འཛིན་བྱེད་བཞིན་ཡོད།

“ང་ཚོ་གསོར་ཁྲོན་རུ་ཁག་1205ནི་ལྕགས་ལྟ་བུའི་མིའི་སྙིང་སྟོབས་འབྱུང་ཁུངས་ཡིན་ལ་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་དེ་བས་ཆེན་པོ་ཡོད” ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྣེ་ཡག་པོ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད།

རིན་ཐང་། གསར་སྐྲུན་ཁྲོད་ལྡབ་འཕེལ་དང་གསར་གཏོད་ཁྲོད་མཐོར་འདེགས་བྱེད།

ཁྲང་ཧྲ་རུ་གནས་པའི་ལྕགས་ལམ་ལྕི་བའི་བཟོ་ལས་ཀྱི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཞིབ་འཇུག་ཇུས་འགོད་ཁང་གི་ཀྲོའུ་ཝུན་དང་ཁོང་གི་ཚོགས་པས་ཉིན་མཚན་བསྟུད་མར་སྤྱི་ལེ་160ཟིན་པའི་མྱུར་འབྲིང་ཁབ་ལེན་ལྕགས་ལམ་ཞིབ་འཇུག་གསར་སྤེལ་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད།

“རླབས་ཆེན་གྱི་དུས་རབས་འདིར་འབད་བརྩོན་བྱ་རྒྱུ་དེ་ནི་རང་ངོས་ཀྱི་མི་ཚེའི་རིན་ཐང་མངོན་ཚུལ་ཡག་ཤོས་དེ་ཡིན”ཞེས་རང་ངོས་ཀྱི་ལས་དོན་སྐོར་གླེང་སྐབས་ཀྲོའུ་ཝུན་གྱི་སྤོབས་སེམས་ཆེན་པོས་དེ་ལྟར་བརྗོད། “ངས་འཚོག་ཉེར་ཡོད་པའི་ཚོགས་ཆེན་བཅུ་དགུ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཚེ་མི་སྒེར་གྱི་ཕུགས་འདུན་གཞི་ནས་འགྲུབ་ཐུབ”ཅེས་བརྗོད།

ཀྲུང་གོ་ཚན་རིག་ཁང་སྲ་གཟུགས་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲོའུ་ཧུང་ཅན་གྱིས་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། 2015ལོར་ལོ་ན་31ལ་སོན་པའི་ཁོང་ཧན་གོའི་འབུམ་རམས་པའི་རྗེས་ཀྱི་ཞིང་འཇུག་བྱེད་མཁན་གན་འཇོག་སྔ་སྣུར་དུ་མཇུག་འགྲིལ་ཏེ་ཧོ་ཕེའི“ཚན་རིག་གླིང”དུ་ཡོང་།

“ངས་ལས་ཀ་བྱེད་པའི་ཞིབ་འཇུག་ཁྱབ་ཁོངས་སུ་ཉེ་བའི་ལོ་ཤས་རིང་གྲུབ་འབྲས་གསར་པ་ཆུ་གཏེར་རྒྱས་པ་བཞིན་ཐོན་ནས་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ཨང་དང་པོར་སླེབས་ཡོད”ཀྲོའུ་ཧུང་ཅན་གྱིས་ད་ཆ་རྒྱལ་ཁབ་ཀྱིས་ཚན་རིག་ཞིབ་འཇུག་ཐད་མ་དངུལ་གཏོང་ཤུགས་ལོ་རེ་བཞིན་མང་དུ་བཏང་བས་འབྱུང་འགྱུར་གྱི་ཀྲུང་གོ་འདི་ཉིད་དེ་བས་གོང་འཕེལ་དང་སྟོབས་འབྱོར་ལྡན་པ་ཡོང་ངེས་རེད་ཅེས་བརྗོད།

རེ་བ། ལེགས་སྐྱེས་ཁྲོད་མངོན་པ་དང་འབད་འབུངས་ཁྲོད་གྲུབ་འབྲས་ཐོབ་པར་བྱེད།

པེ་ཅིང་དུ་མ་བསྐྱོད་གོང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྒྱལ་ཁབ་གློག་དྲ་ཧྲན་ཏུང་གློག་ཤུགས་ཞིབ་བཤེར་ཉམས་གསོ་ཀུང་སིའི་གློག་ལྡན་པན་གྱི་པན་ཀྲང་གཞོན་པ་ཝང་ཅིན་གྱིས་སྔར་བཞིན་སྒྲིག་ཆས་རྒྱ་མ་ཉི་ཤུ་ལྷག་ཙམ་སྒལ་པར་འཁུར་ནས་སྤྱི་ལེ་8ཙམ་གྱི་སར་རི་བརྒྱབ་ཀླུང་བརྒལ་བྱས་ནས་གློག་སྐུད་ལ་སྐྱོན་ཡོད་མེད་ལྟ་བར་འགྲོ་ཡི་ཡོད།

“ཉེ་འགྲམ་གྱི་ཡུལ་མི་དང་གྲོགས་པོ་ཚོས་བསམ་ཚུལ་མང་པོ་བརྗོད་བྱུང་བས་ངས་ངེས་པར་དུ་གཞི་རིམ་གྱི་འབོད་སྒྲ་དེ་དག་བརྗོད་ཀྱི་ཡིན”ཞེས་ཝང་ཅིན་གྱིས་བཤད།

འཛམ་གླིང་རིག་གནས་ཤུལ་བཞག་ཀན་སུའུ་ཐེན་ཧྲུའེ་མའེ་ཅི་རི་བོའི་གུ་དོག་པའི་བྲག་ཕུག་ནང་ལོ་ན་33ལ་སོན་པའི་མའེ་ཅི་རི་བོའི་བྲག་ཕུག་སྒྱུ་རྩལ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཀྲང་མིང་གིས་ཝེ་རྒྱལ་རབས་ནུབ་ཀྱི་སྐུ་འདྲར་ལྟ་ཞིབ་ཟིན་ཐོ་འགོད་བཞིན་ཡོད།

“མེས་པོ་ཚོས་ང་ཚོར་ཤུལ་བཞག་རྩ་ཆེན་བཞག་ཡོད་པས་ང་ཚོ་མི་རབས་ནས་མི་རབས་ཀྱིས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས”ཞེས་བརྗོད་ཅིང་། ཁོང་གིས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་མི་དེ་བས་མང་བས་འོད་སྟོང་འཕྲོ་ཞིང་ཕུན་སུམ་ཚོགས་པའི་དངོས་རིགས་ཀུན་གསོག་གི་ཀྲུང་ཧྭའི་རིག་གནས་དེ་དག་མཐོང་ཐུབ་པ་བྱེད་དགོས་ཞེས་བརྗོད།

ལྕགས་ཧྲེང་དམར་རྐྱང་རེ་རེ་བཞིན་ཐོན་པ་དེ་འབྲུག་དམར་པོ་རེ་རེ་དང་མཚུངས་པ་དེ་ནི་ནང་སོག་པའོ་ཀང་ངར་ལྕགས་བཟོ་གྲྭའི་ལས་ཡུལ་ཡིན་ཞིང་། འཕྲུལ་ཆས་ལག་རྩལ་པའི་རམ་འདེགས་པ་ཏུང་ཙེ་ཅུན་གྱིས་བདེ་འཇགས་ཞྭ་མོ་གྱོན་ནས་འཕྲུལ་ཆས་ཁག་གི་འགུལ་སྐྱོད་ལ་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད།

ལོ་ན་26ལ་སོན་པའི་ཁོང་ལས་ཁུངས་ནས“ལྡོག་སྟེ”འཁོར་ཁང་ནང་སྐྱོད། “ཐོན་སྐྱེད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཚེ་གྲུབ་འབྲས་མི་དམན་པ་ཐོབ་ཀྱི་འདུག”ཅེས་བརྗོད་ཅིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཞོན་ནུ་ཚོར་འབོད་སྐུལ་གསར་པ་གནང་རྒྱུ་ཡིན་པས་དཀའ་སྡུག་ལ་མི་སྐྲག་པར་སྦྱོང་བརྡར་མང་ཙམ་བྱས་ཚེ་གཞི་ནས་དུས་རབས་ཀྱིས་གཞོན་ནུར་སྤྲད་པའི་ལས་འགན་སྒྲུབ་ཐུབ་ཅེས་བརྗོད།

གསར་དུ་བཏབ་པའི་སྟར་སྡོང་སྔོ་ཐིང་ངེར་གནས་པ་དང་བྲ་བོའི་མེ་ཏོག་རབ་ཏུ་བཞད་ཉེར་ཡོད། སི་ཁྲོན་ཏ་ལེའང་ཧྲན་ཆུས་མེ་ཀུའུ་རྫོང་ལ་མུའུ་ཨ་ཇོལ་ཤང་དུ་ལོ་རབས་བརྒྱད་ཅུ་པར་སྐྱེས་པའི་ཤང་ཀྲང་ལུའོ་ཀུའུ་དབྱི་པུའུ་ཡིས་གྲོང་ཚོ་བདུན་གྱི་གནས་སྤོའི་ཁང་གསར་གྱི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད་པ་རེད།

“གྲོང་གསར་ལ་3Gདྲ་རྒྱ་སྦྲེལ་མཐུད་ཐུབ་པ་མ་ཟད། བྱེད་སྒོ་ཁང་དང་བུ་བཅོལ་ཁང་ཚང་མ་བསྐྲུན་ཟིན། དབྱིས་རིགས་ཀྱི་ལོ་གསར་གོང་ཡུལ་མི་ཀུན་སྡོད་ཁང་གསར་པའི་ནང་སྤོ་ཐུབ”ཅེས་ལུའོ་ཀུའུ་དབྱི་པུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ད་དུང་སྲིད་ཇུས་གསར་པ་བཏོན་ནས་འགྱུར་ལྡོག་གསར་པ་ཡོང་རྒྱུ་ཡིན་པས་ང་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཡོང་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་བརྗོད།