མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

འདོ་ཕྱུག་གྲོང་ཚོ། ཁུ་ཁུ་ཤི་རིའི“ཡིད་འོང་འཆར་གཞི”།

“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་གྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་ཁོར་ཡུག་གཙང་དུ་གཏོང་རྒྱུའི་འགན་ལེན་བྱེད་པ་ནི་རྨང་གཞིའི་ཆ་རྐྱེན་ཡིན། 2016ལོའི་ཟླ་དྲུག་པ་ནས་བཟུང་། འདོ་ཕྱུག་གྲོང་ཚོས“ཡིད་འོང་འཆར་གཞི”ལག་བསྟར་བྱེད་འགོ་བརྩམས་ཤིང་། ཁུ་ཁུ་ཤི་རིའི་འཛམ་གླིང་ཤུལ་བཞག་རེ་ཞུའི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་དང་། ས་མཐོའི“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་620བཏང་བ་དང་། འདོ་ཕྱུག་གྲོང་ཚོའི་གྲོང་གསེབ་ཀྱི་ལམ་རྒྱུད་དུ་གད་སྙིགས་བླུགས་སྒམ་མང་པོ་བཞག་པ་དང་གྲོང་ཚོའི་ནང་དུ་གད་སྙིགས་ས་ཚིགས་བཙུགས་པ་མ་ཟད། ད་དུང་འབྲོག་པའི་ས་ཁང་ཚང་མ་ཚོན་ལྡན་ལྕགས་ཁང་དུ་བསྒྱུར་པ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ནས་ཆས་ཏེ་རྟ་ནོར་ལུག་གསུམ་གྱིས་ཁྱབ་པའི་རྩྭ་ཐང་སོགས་བརྒྱུད་དེ་ཡུན་རིང་བསྐྱོད་མཐར་མཛེས་ཤིང་ལྟ་ན་སྡུག་ལ་གྲལ་འགྲིག་པའི་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་འདོ་ཕྱུག་གྲོང་ཚོ་མིག་ལམ་དུ་འཆར།

སྲིད་གཞུང་གིས་དངོས་སྒྲུབ་དོན་གཉེར་བྱེད་པ་འབྲོག་པས་མཐོང་སྐབས་རིམ་བཞིན་རང་རྟོགས་ངང་སྲུང་སྐྱོང་ནང་ཞུགས་པ་རེད། འདོ་ཕྱུག་གྲོང་ཚོའི་འབྲོག་པས་རང་འགུལ་ངང་སྣོད་བཅུད་སྲུང་སྐྱོང་བྱ་གཞག་ནང་ཞུགས་ནས་གཞུང་ལམ་དང་། རི་བོ། ཆུ་བོ། མཚོ་མོ་བཅས་རྒྱུད་ཀྱི་གད་སྙིགས་སྒྲུག་རྒྱུའི་ལས་ལ་གཞོལ་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་འདོ་ཕྱུག་གྲོང་ཚོའི་འབྲོག་པའི་རང་འགུལ་བྱ་སྤྱོད་ཅིག་ཏུ་གྱུར།

འདོ་ཕྱུག་གྲོང་ཚོ་ནི་གཙང་གསུམ་ཆུ་འགོའི་ལྟེ་བར་གནས་ཤིང་། མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་ཡང་གྲོང་ཚོ་དེ་ག་བརྒྱུད་དགོས་ཅིང་། གྲོང་ཚོ་དེའི་ནུབ་ཁུ་ཁུ་ཤི་རི་དང་། བྱང་གཡུ་འབྲུག་ལྷ་རྩེས་ས་མཚམས་བྱས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་འབྲེལ་ཡོད་པ་རེད། འདོ་ཕྱུག་གྲོང་ཚོའི་འབྲོག་དུད་11ཙམ་གྱི་རྩྭ་ར་ཁུ་ཁུ་ཤི་རིའི་ཁོངས་སུ་ཡོད། རྩྭ་ཐང་དེ་ནི་འབྲོག་པ་ཚོའི་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་ལྟ་བུ་ཡིན་པ་མ་ཟད། ད་དུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས་ཀྱི་དགའ་ཚལ་ལྟ་བུ་ཡང་ཡིན་པ་རེད།

གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཚུན་ཕན་འབྲས་རགས་ཙམ་ཐོན་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པས། འདོ་ཕྱུག་གྲོང་ཚོར་སྤྱང་ཀི་ཁྱུ་དང་དྲེད་མོང་གིས་ཀྱང“འཚམས་འདྲི”བྱེད་ཀྱི་ཡོད་པ་རེད།

འདི་ལོ་ལོ་36ལ་སླེབས་པའི་མཁྱེན་བརྩེ་བཀྲ་ཤིས་ནི་འདོ་ཕྱུག་གྲོང་ཚོའི་རུ་ཁག་གསུམ་པའི་གྲོང་མི་ཡིན་ལ། ཁོང་གིས་སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་འགན་འཁུར་ནས་ལོ་གསུམ་སོང་བ་རེད། རུ་ཁག་གསུམ་པ་ནས་རྒྱལ་ལམ་109བར་ནི་མཁྱེན་བརྩེ་བཀྲ་ཤིས་ཀྱི་དོ་དམ་སྲུང་སྐྱོང་བྱེད་ཁོངས་ཡིན་ལ། རྒྱལ་ལམ་109ཕར་ཕྱོགས་ནི་ཁུ་ཁུ་ཤི་རི་ཡིན་པ་རེད། མཁྱེན་བརྩེ་བཀྲ་ཤིས་ཀྱིས་ཉིན་བཅུའི་ནང་སྐོར་གཡེང་ཐེངས་རེ་བྱེད་ཀྱི་ཡོད་ལ། སྐྱོད་ཐེངས་རེར་སྦག་སྦག་བཞོན་ཚེ་ཆུ་ཚོད་གསུམ་འགོར་གྱི་ཡོད། ལོ་གསུམ་རིང་མཁྱེན་བརྩེ་བཀྲ་ཤིས་སྐོར་གཡེང་ལ་ཐེངས་གཅིག་ཀྱང་ཆད་མྱོང་མེད་པ་རེད།

འདོ་ཕྱུག་གྲོང་ཚོའི་རུ་ཁག་གསུམ་པའི་ཁྱབ་ཁོངས་སུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཡོད་ལ། མཚམས་རེ་ལ་རྐྱང་དང་དགོ་བ་སོགས་ལ་ལྕགས་རས་རྨས་སྐྱོན་བཟོས་ཚེ་མཁྱེན་བརྩེ་བཀྲ་ཤིས་ཀྱིས་སྨན་བཅོས་ཀྱང་བྱེད་ཀྱི་ཡོད་པ་རེད།

“ན་ནིང་ཞིང་ཆེན་ལམ་308རྒྱུད་དུ་རྐྱང་གཉིས་རླངས་འཁོར་གྱི་བརྡུངས་ནས་རྨས་སྐྱོན་ཕོག་པ་མཐོང་འཕྲལ་འབྲོག་པ་ཚོས་ལྗིད་ཐེག་རླངས་འཁོར་ཞིག་གཡར་ནས་རྨས་སྐྱོན་ཕོག་པའི་རྐྱང་གཉིས་ཀ་ཆུ་དམར་ལེབ་ནགས་ཚལ་སྤྱི་བདེ་ཅུས་ལ་བསྐྱལ་བ་རེད”ཅེས་གཅོད་པ་ཚུལ་ཁྲིམས་ཀྱིས་བརྗོད་པ་རེད།

འདོ་ཕྱུག་གྲོང་ཚོ་ནི་ཁུ་ཁུ་ཤི་རི་ལ་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་པ་དང་། ཁུ་ཁུ་ཤི་རི་ཡང་འདོ་ཕྱུག་གྲོང་ཚོར་བརྟེན་ནས་ཕུན་སུམ་ཚོགས་པར་གྱུར་པ་རེད། 2014ལོའི་ཟླ་བཅུ་པར། མཚོ་སྔོན་ཞིང་ཆེན་གྱིས་ཁུ་ཁུ་ཤི་རི་འཛམ་གླིང་ཤུལ་བཞག་ཏུ་རེ་ཞུ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པས། ལམ་སྟོན་སྒྲོན་མེ་ཞིག་དང་འདྲ་བར་འབྲོག་ལས་འབའ་ཞིག་གི་བོད་རིགས་གྲོང་ཚོ་འདིའི་ཕྱུག་འགྱུར་གྱི་ལམ་བུ་གསལ་བར་བྱས་པ་མ་ཟད། སྣོད་བཅུད་ཤེས་དཔལ་གྱི་རི་མོ་གསར་པ་ཞིག་ཀྱང་རིམ་བཞིན་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པ་རེད།