མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཁོར་སྲུང་པུའུ་ཡིས་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་གཏན་འབེབས་ལ་ཞིབ་འཇུག་དང་སྐུལ་འདེད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ10བའི་ཚེས23ཉིན་པེ་ཅིན་ནས་བཏང་བའི་གློག་འཕྲིན། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཏང་རྩ་འཛུགས་ཧྲུའུ་ཅི་དང་པུའུ་ཀྲང་ལིས་ཀན་ཅེ་ཡིས་ཚེས23ཉིན་བསྟན་དོན། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་བྱ་བར་ཞིབ་འཇུག་དང་སྐུལ་འདེད་བྱས་ཏེ་བཅའ་ཁྲིམས་ཅན་དང་སྒྲིག་ཁྲིམས་ཅན་དུ་འཇོག་དགོས་ཚུལ་བསྟན་པ་རེད།

ཉིན་དེར་ཚོགས་ཆེན་ཐེངས་བཅུ་དགུ་བའི་གསར་འགྱུར་ལྟེ་གནས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དངོས་དང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་བསྐྲུན་བྱེད་པ་ཞེས་པ་བརྗོད་དོན་ཡིན་པའི་གསར་འགོད་སྣེ་ལེན་གྲོས་ཚོགས་ཤིག་བསྡུས་ཤིང་། ལིས་ཀན་ཅེ་ཡིས་གྲོས་ཚོགས་སྟེང་གོང་གསལ་གྱི་གནད་དོན་རྒྱས་བཤད་བྱས།

ཟླ10བའི་ཚེས23ཉིན་ཚོགས་ཆེན་ཐེངས་བཅུ་དགུ་བའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་ནོར་སྲིད་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝེ་མེན་གདན་འདྲེན་ཞུས་པ་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཏང་རྩ་འཛུགས་ཧྲུའུ་ཅི་དང་པུའུ་ཀྲང་ལིས་ཀན་ཅེ་ཡིས་ལྗང་མདོག་འཕེལ་རྒྱས་ཀྱི་དངོས་ཡོད་འདུ་ཤེས་ངོ་སྤྲོད་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་བསྐྲུན་བྱེད་པའི་འབྲེལ་ཡོད་གནས་ཚུལ་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཁོར་ཡུག་སྲུང་སྐྱོབ་པུའུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པུའུ་ཀྲང་ལིས་ཀན་ཅེ།

ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ནི་སྐྱེ་ཁམས་དཔལ་ཡོན་མ་ལག་སྒྲིག་གཞིའི་ཁྲོད་ཆེས་གལ་ཆེ་བའི་བཅོས་སྒྱུར་བྱེད་ཐབས་ཤིག་ཡིན་ལ། ལིས་ཀན་ཅེ་ཡིས་ངོ་སྤྲོད་བྱེད་རྒྱུར། དེ་ཡང2015ལོའི་ལོ་མཇུག་ནས་ཧི་པེ་ཞིང་ཆེན་དུ་ཚོད་ལྟའི་གནས་བཙུགས་པ་བརྒྱུད་མིག་སྔར་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་31ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་རེད། ཁོས་བསྟན་དོན། བྱེད་ཐབས་དེའི་གྲུབ་འབྲས་ཁྱད་པར་བ་བླངས་ཤིང་ཕྱོགས་སོ་སོའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་བྱས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྐུལ་འདེད་བྱས་ནས་མི་དམངས་མང་ཚོགས་ཉེ་འཁོར་གྱི་ཁོར་ཡུག་གནད་དོན་རབས་དང་རིམ་པ་མང་པོ་ཞིག་ཐག་གཅོད་ཀྱིས་ས་གནས་ཀྱི་ཐོན་ལས་སྒྲིག་གཞིའི་རིམ་འཕར་ལ་སྐུལ་འདེད་བྱས་པ་མ་ཟད། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་ངེས་ཅན་བསྐྲུན་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་དེ་ཡོངས་ཁྱབ་ཅན་དང་འཐུས་ཚང་ཅན་དུ་བཏང་བ་རེད།

ཁོས་མུ་མཐུད་དུ་ངོ་སྤྲོད་བྱེད་དོན། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་རིམ་པ་བཞི་ཡི་བརྒྱུད་རིམ་ཁྲོད་མི་དམངས་ཀྱི་ཞུ་གཏུགས་གྱོད་དོན་ཁྲི13.5ལྷག་ཐག་གཅོད་བྱས་ཤིང་། དེའི་ཁྲོད་མཉམ་བསྲེས་དང་བསྐྱར་ཟློས་རང་བཞིན་གྱི་ས་གནས་ལ་ཕྱིར་སྤྲད་པའི་གྱོད་དོན་ཁྲི10.4ཡོད་ལ། མིག་སྔར་གྱོད་དོན་ཁྲི10.2ཡོངས་སུ་སྒྲུབ་ནས་ལེགས་འགྲུབ་བྱུང་ཡོད་ཟེར།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ནམ་སྐོར་དྲིས་པར་དེར་དོགས་པ་ཅི་ཡང་བྱེད་མི་དགོས་ཤིང་ང་ཚོས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་ལིས་ཀན་ཅེ་ཡིས་གསར་འགོད་པར་ལན་བཏབ་པ་དང་བྱེ་བྲག་གི་ངང་ནས་ཁོས་རང་གི་འབྲེལ་ཡོད་བྱ་བའི་སྐོར་ལ་ངོ་སྤྲོད་བྱེད་དོན།

དང་པོ། གནད་དོན་གསལ་རྟོག་དང་ཉམས་མྱོང་ཕྱོགས་སྡོམ་གྱིས་སྔར་ལས་གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་སྒྲིག་གཞི་དང་སྒྲིག་ཆས་འཐུས་ཚང་ཅན་དུ་གཏོང་རྒྱུ་ཡིན་པ།

གཉིས་པ། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གྱིས་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབ་བྱ་བར་ཞིབ་འཇུག་དང་སྐུལ་འདེད་བྱེད་པ། ཁོས་བཤད་རྒྱུར། དེ་བཅའ་ཁྲིམས་ཅན་དང་སྒྲིག་སྲོལ་ཅན་དུ་བསྒྱུར་ནས་ཡུན་རིང་འཕེལ་རྒྱས་ཀྱིས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ།

གསུམ་པ། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོ། གནད་དོན་གཙོ་བོ་སོགས་ལ་རྩ་འཛུགས་ཡོད་པ་དང་གྲ་སྒྲིག་ཡོད་པའི་སྒོ་ནས་འགུལ་སྐྱོད་རང་འགུལ་གྱིས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གནད་ལ་ཁེལ་དགོས། ཁོས་བཤད་རྒྱུར། དེའི་སྐོར་ལ་ད་ལྟ་འཆར་འགོད་བྱེད་བཞིན་ཡོད་པས་ཕལ་ཆེར་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་སྟོད་ལ་འབྲེལ་ཡོད་བྱེད་ཐབས་ལག་བསྟར་གྱིས་འབྲེལ་ཡོད་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་ཟེར།

བཞི་བ། མཛུབ་སྟོན་དང་ལྟ་སྐུལ་གྱིས་ས་གནས་ཀྱི་ཞིང་ཆེན་རིམ་པའི་ཁོར་སྲུང་ལྟ་སྐུལ་མ་ལག་བཙུགས་པ་དང་རྒྱལ་ཁབ་ལྟ་སྐུལ་ནས་ཞིང་ཆེན་ལྟ་སྐུལ། ཞིང་ཆེན་ལྟ་སྐུལ་ནས་གྲོང་ཁྱེར་དང་རྫོང་ལྟ་སྐུལ་འཛུགས་པ། ཁོས་བཤད་རྒྱུར་མ་འོངས་བར་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་གཉིས་ཟུང་འབྲེལ་གྱིས་སྒྲིག་གཞི་དེའི་ནུས་པ་སྔར་ལས་མཐོར་འདེགས་དང་སྔར་ལས་བྱེད་ནུས་ཅན་དུ་བསྒྱུར་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།