མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས།

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་དུ་མྱུར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་གཅིག་ཏུ། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་བསམ་བློ་གསར་བ་དང་ཐག་གཅོད་གསར་བ། དམིགས་འབེན་གསར་བ། བྱེད་ཐབས་གསར་བར་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱས་པ་བརྒྱུད་དེ། བསམ་བློ་དང་འགུལ་སྐྱོད་གཉིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དམ་འཛིན་དངོས་གཉེར་བྱེད་པ། ངེས་པར་དུ་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་རླབས་ཆེན་གྱི་དམིགས་འབེན་ལྟར་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་སྐྲུན་བྱེད་པ། སྙིང་སྟོབས་ཆེན་པོ་དང་བྱ་བའི་གྲུབ་འབྲས་བཟང་བོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་བྱས་རྗེས་བཞག་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་ཞེས་བསྟན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལང་ལོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་དུ་བྱས་ནས། དཀའ་སྤྱད་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཀའོ་ཡུན་ཕུའུ་ཡིས་བཤད་རྒྱུར། སྙན་ཞུའི་ནང་བཏོན་པའི་ཕྱོགས་མཚམས་གསར་བ་དང་བསམ་བློ་གསར་བ། བཀོད་སྒྲིག་གསར་བ། དམིགས་འབེན་གསར་བས། ང་ཚོའི་སྙིང་སྟོབས་ཆེ་རུ་བསྐྱེད་པ་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ལ། གཞུང་ལུགས་སྒྲོག་འགྲེལ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། སློབ་སྦྱོང་བཟང་བོ་བྱེད་དགོས། གོ་རིམ་རྗེས་མར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གཅིག་བསྡུས་སྒྲོག་འགྲེལ་བྱ་འགུལ་སྤེལ་བར་རྩ་འཛུགས་བཟང་བོ་བྱས་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ང་ཚོའི་གཞུང་ལུགས་སྒྲོག་འགྲེལ་པས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཞོ་པའོ་ཡིས་བཤད་རྒྱུར། སྙན་ཞུའི་ནང་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞི་བཅུ་བཞི་བཏོན་པ་དང་། དེ་ནི་མི་དམངས་མང་ཚོགས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་བསྡུ་ལེན་བྱས་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་རིག་སྟོབས་དང་ཉམས་མྱོང་ཡིན། ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བྱ་བ་བཟང་བོར་བསྒྲུབ་པ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱས་ཏེ། འབད་བརྩོན་གྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་ཧུར་ཐག་བྱེད་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཞང་གི་ཏང་ཨུའི་ཧྲུའུ་ཅི་འཇིགས་མེད་ལྷ་མོ་ཡིས་བཤད་རྒྱུར། སྙན་ཞུའི་ནང2020ལོའི་བར་དུ། རང་རྒྱལ་གྱི་ད་ལྟའི་ཚད་གཞི་འོག་གི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ། ཁུལ་ཁོངས་རང་བཞིན་གྱི་སྤྱི་ཁོག་གི་དབུལ་ཕོངས་ཐག་བཅད་དེ། དངོས་གནས་དབུལ་ཕོངས་ལས་གྲོལ་བར་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ཀྱིས་ང་ཚོ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རླབས་ཆེན་གྱི་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་ཆེན་པོ་བྱས་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ལའོ་ཁྲང་དབྱི་ཡིས་བཤད་རྒྱུར། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་ཉན་རྗེས། སྐུལ་མ་ཆེན་པོ་ཐེབས་པ་དང་། ང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་སྟེང་ནས་བློ་གྲོས་ལྡན་པའི་མི་ཞིག་བྱེད་པ་དང་བྱ་བའི་ཐད་ནས་དངོས་གཉེར་བ་ཞིག་བྱེད་པ། ལས་རྐང་ལ་རྐང་འཛུགས་པ་དང་ཏན་ཏན་ཏིག་ཏིག་གིས་ལང་ཚོའི་ཕུགས་འདུན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བ་གསར་སྐྲུན་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་མངོན་འགྱུར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ་ཡིས་ལས་འཛིན་པ་ཏིན་ཀི་ཧུའུ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནི་ང་ཚོའི་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་དར་ཆ་ཡིན་པ་དང་། བཅའ་སྡོད་དམག་མི་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་དོན་མཐིལ་རྟོགས་པར་བྱས་ནས། བྱ་བའི་ཁྲོད་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་ཐུབ་པར་བྱེད་དགོས། དེ་དང་མཉམ་དུ། གསར་བརྗེའི་གཞི་རྒྱུད་རྒྱུན་འཛིན་བྱེད་པ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འགན་ཕྲག་ཏུ་ལེན་པའི་བརྗོད་དོན་སློབ་གསོ་སྤེལ་ནས། དཔོན་དམག་དང་དམངས་དམག་གི་འཐབ་འཛིང་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་། ཚང་མས་ནམ་ཡང་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་གི་བཀོད་འདམས་ལ་ཉན་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་བའི་ལོ་རྒྱུས་ལས་འགན་ཕྲག་ཏུ་ལེན་དགོས་ཟེར།

དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གིས་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་བརྒྱུད་དེ་དཔོན་དམག་ཡོངས་ཀྱིས་ཚོགས་ཆེན་བཅུ་དགུ་པ་མགོ་བརྩམས་པའི་གནས་ཚུལ་ལ་བལྟ་ཉན་བྱས་པ་དང་། སྤྱིའི་རུ་ཁག་དང་ལས་རེས་ཡུལ་དངོས་ཡོངས་སུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཐད་ཀྱི་ཐུན་མོང་གི་ལྟ་བ་བྱུང་། དཔོན་དམག་ཡོངས་ཀྱིས་ལང་ལོང་གིས་བཤད་རྒྱུར། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་དང་དཔེ་ལྟ་རྗེས་སྙེག་གི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པ། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་སྟོབས་ཤུགས་ཆེན་པོ་བསྡུ་རུབ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ན་གཞོན་སློབ་མ་ཚོས། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་རང་སྟེང་ནས་འགོ་བརྩམས་ཏེ། གཙོ་གནད་དམ་འཛིན་དང་ཞན་ཆར་ཁ་གསབ་བྱེད་པ། ཤེས་བྱ་དང་རྩལ་ནུས་སྔར་ལས་མང་པོ་སློབ་སྦྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་གསར་བ་རྨང་གཞི་བརྟན་པོ་འདིང་དགོས། ལོ་རྒྱུས་ཀྱི་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་དང་། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་མཐོ་ཚད་དུ་འགྲེང་ནས། མི་སྒེར་གྱི་འབད་བརྩོན་དེ་མེས་རྒྱལ་གྱི་མདུན་ལམ་ལས་དབང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་ཆེན་པའི་ཁྲོད་འདྲེས་པར་བྱེད་པ། ཚད་ཆེས་མཐོ་བའི་སྒོ་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ལང་ཚོའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས་ཟེར།