མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་དྲུག་པ་བསྡུས།

ཟླ་བཅུ་བའི་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་དྲུག་པ་བསྡུས་པ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡང་ཝེ་མེན་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིས་ཀན་ཅེ་གཉིས་ཀྱིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཡང་ཝེ་མེན་གྱིས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་སྒྱུར་བཅོས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་བྱས་པ་ཆེས་མགྱོགས་ཤིང་ཤུགས་ཚད་ཆེས་ཆེ་བ་དང་། ཕན་འབྲས་ཆེས་མང་བའི་ལོ་ལྔ་ཡིན་པ་དང་། ཟུར་ཞིག་ནས་ལོ་ལྔའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་བ་འགྲེལ་བཤད་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་ཐད་ལ་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་བ་གསལ་བཤད་བྱས་ཡོད་ཟེར།

ལིས་ཀན་ཅེ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རྩ་རང་བཞིན་དང་ཡུན་རིང་རང་བཞིན། གསར་སྐྲུན་རང་བཞིན་གྱི་བྱ་བ་སྣ་ཚོགས་བསྒྲུབས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་ངོས་ཟིན་ཐོབ་ཚད་སྔར་ལས་མཐོ་བ་དང་བཙོག་བཟོ་འགོག་བཅོས་ཤུགས་ཚད་སྔར་ལས་ཆེ་ལ། ལམ་ལུགས་གཏན་འཁེལ་བྱས་ཚད་སྔར་ལས་མང་བ་དང་། ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ལག་བསྟར་བྱས་ཚད་སྔར་ལས་གཟབ་ནན་ཡིན་ལ། ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱས་ཚད་སྔར་ལས་མགྱོགས་ཟེར།