མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཝང་ཀོ་ཧྲིན་མཚོ་ཤར་དང་ཡུལ་ཤུལ། བཅིངས་འགྲོལ་དམག་དཔུང་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་དཔྱད་ཞིབ་ལ་ཞུགས་ནས་ནན་གྱིས་བསྟན་པ།

— མི་དམངས་ལ་འབོད་སྐད་དང་མང་ཚོགས་ཀྱི་རེ་སྒུག་ལ་ཉན་ནས་མང་ཚོགས་བར་ལ་འབྲེལ་འདྲིས་གསར་འཛུགས་ཐུབ་པ་བྱ་དགོས་ཟེར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ1ཚེས26ཉིན་ནས་ཚེས27ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་མཚོ་ཤར་དང་ཡུལ་ཤུལ། བཅིངས་འགྲོལ་དམག་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་དཔྱད་ཞིབ་ཚོགས་འདུར་ཞུགས་པ་རེད།

མཚོ་ཤར་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་ཉོ་ཁྲིན་ཡོན་དང་ཚའེ་ཧོང་རེ། ལིག་ཅན་ཀང་། ཧན་ཧའེ་ཀྲིན། ཧན་ཞིན་པུས། ཚའེ་ཞིག་ཕེན། དབྱི་ཏི་ཧྲིན་སོགས་འཐུས་མི་དག་གིས་སྔ་གཞུག་དུ་གཏམ་བཤད་སྤེལ་ཏེ། མིག་རྡེབ་དབང་ཙམ་གྱི་རིང་ལ་དུས་ཚོད་གཉིས་ལྷག་འགོར་སོང་མོད། ཚང་མར་ད་རུང་བཤད་ནས་ཚར་རྒྱུ་མེད་པའི་སྐད་ཆ་གང་མང་མང་ཞིག་ཡོད། ལིས་ཧྥུ་ཧའེ་ཡིས་འཐུས་མི་དག་གི་ཚབ་བྱས་ཏེ་ཝང་ཀོ་ཧྲིན་ལ་བཤད་རྒྱུར། ཁོ་རང་ཡོད་སའི་དམར་གཙང་རྫོང་བྱང་རི་ཤང་ཡོངས་རྫོགས་ཁྲོན་ཁུ་གྲོང་བརྡལ་ལ་གནས་སྤོར་བྱས་ཟིན་པ་དང་ཤང་ཧྲིལ་བོའི་མི་གྲངས5000ལྷག་གི་འཚོ་བ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། ཡུལ་མི་རྣམས་ཀྱིས་སེམས་བསམ་པའི་གཏིང་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཝང་ཀོ་ཧྲིན་གྱིས་བརྩེ་བའི་ངང་ནས་བཤད་རྒྱུར། ང་ཚོའི་མཛེས་སྡུག་གི་འཚོ་བ་ནི་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཐག་གཅོད་ཐབས་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁྱེན་རྒྱ་ཡངས་བའི་སྣེ་ཁྲིད་ལས་བྱུང་བ་ཡིན་ཟེར།

ཝང་ཀོ་ཧྲིན་གྱིས་མཚོ་ཤར་ས་ཁུལ་གྱི་འདས་ཟིན་པའི་ལོ་ངོ་གཅིག་རིང་གི་འཕེལ་རྒྱས་ཀྱི་བྱས་རྗེས་ལ་གདེང་འཇོག་བྱས་པ་རེད། ཁོས་བསྟན་དོན། མཚོ་ཤར་ས་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་དེ་བརྟན་འཇགས་ཆེ་ཞིང་འགན་འཁྲི་ཅུང་ལྕི་བས་རྗེས་ཕྱོགས་འཕེལ་རྒྱས་སུ་གཏོང་བ་ལ་ལེགས་པའི་ཆ་མངོན་ཡོད། འཕེལ་རྒྱས་གསར་བའི་འདུ་ཤེས་དེ་སྣེ་ཁྲིད་དུ་བཟུང་ནས་རྒྱུད་གཅིག་ལམ་གཅིག་དམ་འཛིན་གྱིས་ལན་ཞི་དཔལ་འབྱོར་ས་ཁུལ་དང་ཤར་རྒྱུད་གྲོང་ཁྱེར་འཛུགས་བསྐྲུན་སོགས་ལ་གོ་སྐབས་ཆེན་པོ་ལྡན། བསམ་བློ་བཅིངས་འགྲོལ་དང་བསམ་པའི་འཁོར་ཕྱོགས་གཙང་སེལ་གྱིས་གཏན་ཁེལ་གྱི་དམིགས་འབེན་ཡང་དག་པར་དམ་འཛིན་དང་དོན་དངོས་སྒྲུབ་ནས་གསོན་ཤུགས་ལྡན་པའི་ཁ་ཕྱོགས་སུ་སྒོ་འབྱེད་བྱེད་དགོས། གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དང་ཞིང་གྲོང་གི་བར་སྟོང་དར་སྤེལ་གཏོང་བ་ཟུང་འབྲེལ་གྱིས་ཞིང་གྲོང་གི་དར་སྤེལ་འཐབ་ཇུས་ལག་བསྟར་དང་གྲོང་ཁྱེར་གྱི་ཁྱབ་ཁོངས་སྙོམས་སྒྲིག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་དང་གསར་གཏོད་ལས་གཏོད་ལ་ཟུང་འབྲེལ་གྱིས་བསམ་བློའི་འདུ་ཤེས་ལ་བཅོས་སྒྱུར་དང་བསམ་པའི་དབུལ་སྐྱོར་ལ་ཤུགས་བསྣན་ནས་དབུལ་ཕོངས་མང་ཚོགས་ཀྱི་བདག་ཉིད་འཕེལ་རྒྱས་ཀྱི་ནང་སེམས་ཀྱི་སྒུལ་ཤུགས་ལ་ཤུགས་སྣོན་བྱེད་དགོས། སྤྱོད་ལམ་གྱི་ནུས་པར་ཟུང་འབྲེལ་བྱེད་པ་མཐོར་འདེགས་ཀྱིས་ལས་བྱེད་པར་གསབ་སྦྱོང་དང་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་ནས་དབུལ་སྐྱོར་ཕྱུག་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡུལ་ཤུལ་འཐུས་ཚབ་ཚོགས་པའི་ཝུའུ་ཏི་ཅོན་དང་ལོའུ་ཅོན། པད་མ་ཆོས་སྐྱིད། བཀྲ་ཤིས་ཚེ་རིང་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་ཝང་ཀོ་ཧྲིན་གྱིས་ཡུལ་ཤུལ་གྲོང་ཁྱེར་གྱི་བྱ་བ་རིགས་སོ་སོའི་ཐད་ཀྱི་གྲུབ་འབྲས་ལ་གདེང་འཇོག་བྱས་ཤིང་། ཁོས་བཤད་རྒྱུར། ཡུལ་ཤུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་གངས་ལྗོངས་མཐོ་སྒང་བརྟན་སྲུང་བྱས་པ་ནི་ཏང་གཤིས་ཀྱི་བརྟན་སྲུང་དང་བསམ་པའི་དགོངས་དོན་ཐད་ཀྱི་སྲོལ་རྒྱུན་ལེགས་པོ་ཤིག་སྟེ། ལས་བྱེད་པས་མང་ཚོགས་རང་གི་གཉེན་ཉེ་རུ་བཟུང་ཞིང་མང་ཚོགས་ཀྱིས་ཀྱང་ལས་བྱེད་པ་རང་གི་རུས་རྐང་དུ་བཟུང་ཡོད་ཟེར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དག་གིས་མང་ཚོགས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ་མང་ཚོགས་ལ་འབྲེལ་གཏུག་བྱེད་ཐུབ་པའི་རླངས་འཁོར་ཐད་གཏོང་ཐུབ་པ་བྱ་དགོས་ཟེར། ཝང་ཀོ་ཧྲིན་གྱིས་བསྟན་དོན། མཛེས་སྡུག་གི་ཡུལ་ཤུལ་གསར་བའི་རྫ་གཡམ་གཅིག་རེ་དང་གྱོ་མོག་གཅིག་རེ་ནི་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བས་འདེགས་པ་ཡིན་པས། ང་ཚོས་ཏང་ལ་བཀའ་དྲིན་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཞུ་བ། རྒྱལ་ཡོངས་མི་དམངས་ལ་བཀའ་དྲིན་བཅས་ཞུས་ནས་ཡུལ་ཤུལ་འཕེལ་རྒྱས་ཀྱི་གནས་བབ་གསར་བ་ལ་གཅེས་སྐྱོང་དང་འགེབས་སྲུང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་དེ་ཡིད་ལ་དམ་པོར་བཟུང་ནས་ཏན་ཏན་ཏིག་ཏིག་གིས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དང་དམངས་ཚོས་བཅོས་སྒྱུར། གྲོང་ཁྱེར་དོ་དམ། མི་རིགས་མཐུན་སྒྲིལ། མདུན་སྐྱོད་གསར་གཏོད་སོགས་ཀྱི་རིགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལེགས་པོའི་འཁོར་སྐྱོད་ཁྲོད་རི་མཐོ་ཆུ་གཙང་ལ་སྲུང་སྐྱོབ་དང་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་བསྐྲུན་བཅས་ཀྱིས་ཡུལ་ཤུལ་གྱི་མ་འོངས་བའི་འཕེལ་རྒྱས་དེ་སྔར་ལས་མཛེས་སྡུག་ཅན་ཞིག་བྱ་དགོས།

བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པ་རུ་ཆིའུ་ཞིན་ཡོན་དང་ཁྲིན་ཏིན་ཆན། ཀྲང་ཡུའེ་ལེན་གྱི་གཏམ་བཤད་ལ་ཉན་རྗེས། ཝང་ཀོ་ཧྲིན་གྱིས་བསྟན་དོན། དུས་ཡུན་རིང་བོར་མཚོ་སྔོན་དུ་གནས་སྡོད་བྱེད་པའི་དམག་དཔུང་གིས་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པའི་འགན་ཁུར་ཕྲག་དུ་བླངས་ནས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་པ་དང་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དགོངས་དོན་དུ་བཟུང་ནས་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་ཀྱིས་འདུ་ཤེས་བཞི་ལ་ཤུགས་སྣོན་གྱིས་ཏང་ལ་བློ་དཀར་བ་དང་འགོ་ཁྲིད་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ་བཅས་ཀྱི་ཏང་གི་དུས་རབས་གསར་བའི་དམག་ཧྲག་དམིགས་འབེན་དེ་བྱ་བའི་བསམ་ཕྱོགས་ཐད་བསྒྱུར་ནས་བྱ་བའི་བསམ་གཞིགས་དང་བྱ་བའི་བྱེད་ཐབས། བྱེ་བྲག་གི་བྱེད་ཐབས་བཅས་ཀྱིས་རང་ཞིང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་བསྐྲུན་དེ་སྐས་རིམ་གསར་བ་རུ་སྐྱོད་པར་སྐུལ་འདེད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་སྒོས་དམག་དཔུང་འཛུགས་བསྐྲུན་ལ་རྒྱབ་སྐྱོར་གྱིས་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་དམག་དམངས་མཉམ་བསྲེས་ལ་སྐུལ་འདེད་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཧྲག་དམག་བྱ་གཞག་གིས་མཚོ་སྔོན་གྱི་སྟོབས་ཤུགས་མངོན་འགྱུར་བྱེད་དགོས་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།