མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ།(ཁག་གཉིས་པ།)

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ།

རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་པ་ངེས་པར་དུ་ཤེས་དགོས། ང་ཚོས་འཕེལ་རྒྱས་ལ་མུ་མཐུད་ནས་སྐུལ་སྤེལ་གཏོང་བའི་རྨང་གཞིའི་ཐོག འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དཀའ་ངལ་སེལ་གང་ཐུབ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་བཏང་ནས། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་པའི་ཐད་ཀྱི་མི་དམངས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཚུལ་སྔར་ལས་ལྷག་པར་བསྐངས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་སྔར་ལྷག་འགྲོ་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་སྔར་ལྷག་ཡོང་བར་བྱེད་དགོས།

རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་དང་བསྟུན་ནས། ང་ཚོས་སྤྱི་ཚོགས་རིང་ལུགས་གནས་ཡུལ་གྱི་ལོ་རྒྱུས་དུས་རིམ་ལ་བརྡར་ཤ་གཅོད་པར་འགྱུར་བ་བྱུང་མེད་པར། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་རྒྱུན་རིང་གནས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་ཐོག་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད་པ་ངེས་པར་དུ་ཤེས་དགོས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཇུས་འདི་ཁོང་དུ་བརྟན་པོར་ཆུད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེ་ཤོས་འདིར་རྩ་བ་བརྟན་པོར་འཛུགས་པ། ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་། མི་དམངས་བདེ་སྐྱིད་ཡོང་བ་གཞི་རྩར་གྱུར་པའི་ཏང་གི་གཞི་རྩའི་ལམ་ཕྱོགས་འདི་མཐའ་འཁྱོངས་གཡོ་མེད་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བཅས་བྱས་ཏེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་དང་ལྡན་པར་བསྐྲུན་པའི་འབད་འཐབ་བྱེད་དགོས།

བློ་མཐུན་རྣམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་འགངས་ཆེན་ལྡན་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལའང་དོན་སྙིང་འགངས་ཆེན་ལྡན་པ་རེད། ཏང་ཡོངས་ཀྱིས་ཡིད་ཆེས་ཇེ་བརྟན་དང་། སྙིང་སྟོབས་ཆེར་བསྐྱེད་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གསོན་ཤུགས་སྔར་ལས་ཆེན་པོ་རྒྱས་པར་བྱེད་དགོས།

གཉིས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

ལོ་ངོ་བརྒྱའི་གོང་ལ། ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་རྒྱག་ཐེངས་གཅིག་ལ་ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་བསྐྱལ་ཡོང་བ་རེད། ཀྲུང་གོའི་སྔོན་ཐོན་ཅན་ཚོས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ཁྲོད་ནས་ཀྲུང་གོའི་གནད་དོན་ཐག་གཅོད་པའི་འགྲོ་ལམ་རྙེད་པ་རེད། ཉེ་རབས་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་ཀྱི་ལས་འགུལ་དྲག་པོའི་ནང་དང་། ཀྲུང་གོའི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་རོལ་ནས་ཡོང་བའི་བཙན་འཛུལ་ལ་འཐབ་རྩོད་དྲག་པོ་བྱས་ཤིང་།མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་རིང་དུ། 1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད། དུས་དེ་ནས་བཟུང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་འཐབ་རྩོད་བྱེད་པར་རྟེན་གཞི་བྱུང་བས། ཀྲུང་གོའི་མི་དམངས་བསམ་པའི་ཐོག་ནས་གཞན་དབང་ནས་རང་འགུལ་དུ་གྱུར་པ་རེད།

ཀྲུང་ཧྭ་མི་རིགས་ལ་བགྲང་བྱ་ལྔ་སྟོང་ལྷག་གི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་ཞིང་། འོད་སྟོང་འབར་བའི་ཀྲུང་ཧྭའི་དཔལ་ཡོན་བསྐྲུན་ཡོད་ལ། མིའི་རིགས་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་པས་འཛམ་གླིང་ཐོག་གི་མི་རིགས་རླབས་པོ་ཆེར་གྱུར་པ་རེད། ཉལ་ཐའི་དམག་འཁྲུག་ལངས་རྗེས། ཀྲུང་གོ་འདི་ཉིད་ནང་རྩོད་ཕྱི་འཁྲུག་གི་ཉམས་ཞན་གནས་སུ་ལྷུངས་ཤིང་། ཀྲུང་གོའི་མི་དམངས་ཀྱིས་ཟིང་འཁྲུག་བསྟུད་མར་ལངས་པ་དང་། རི་ཀླུང་གཏོར་སྐྱོན་ཐེབས་པ། མི་དམངས་འཚོ་ཐབས་བྲལ་བ་བཅས་ཡ་ང་བའི་གནས་ཀྱི་སྡུག་བསྔལ་ཧ་ཅང་ཆེན་པོ་མྱངས་པ་རེད། མི་རིགས་བསྐྱར་དར་ཡོང་ཕྱིར་སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་དཔའ་ངར་ཞུམ་མེད་དང་། སྔོན་འགྱེལ་རྗེས་མཐུད་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་བྱས་ཡོད་ལ། ཚོད་ལྟ་འདྲ་མིན་སྣ་ཚོགས་པའང་བྱས་ཀྱང་། མཐའ་མར་ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཉམ་ཐག་ལས་དབང་བསྒྱུར་ཐུབ་མེད་པ་རེད།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པ་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དེ་འགྱོད་སེམས་མེད་པའི་སྒོ་ནས་ཕྲག་ཏུ་ཁུར་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་དཀའ་སྤྱད་ཚད་མེད་ཀྱི་འཐབ་རྩོད་བྱས་པ་དང་། རི་ཀླུང་ཁྱུར་མིད་གཏོང་ཐུབ་པ་ལྟ་བུའི་བརྗིད་ཉམས་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་བརྩམས་ཡོད།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་སྙམ་ན། ཀྲུང་གོའི་མི་དམངས་ཀྱི་མགོ་བོ་གནོན་པའི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་པའི་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བར་བྱེད་དགོས་པ་ང་ཚོའི་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད་པ་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་མཐའ་སྐོར་བ་དང་། དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་འགྲོ་ལམ་ཡང་དག་ཅིག་རྙེད་པ་དང་། ལོ་ངོ་ཉེར་བརྒྱད་རིང་ཁྲག་བཏོན་དམར་འཛིང་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་འགྲུབ་བྱུང་བ་དང་། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པས། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་འཛིན་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་མཆོང་སྐྱོད་རླབས་པོ་ཆེ་ཐུབ་པ་བྱུང་བ་རེད།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་སྙམ་ན། རང་རྒྱལ་གྱི་དོན་དངོས་དང་འཚམ་པའི་སྔོན་ཐོན་གྱི་སྤྱི་ཚོགས་ལམ་ལུགས་ཤིག་ངེས་པར་འཛུགས་དགོས་པ་ང་ཚོའི་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་བ་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ཁེལ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་བྱུང་ཚུན་དུ་སྤྱི་ཚོགས་ཀྱི་འཕོ་འགྱུར་ལེགས་འགྲུབ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་བྱུང་བས། དེང་རབས་ཀྱི་ཀྲུང་གོ་གོང་སྤེལ་དང་ཡར་རྒྱས་ཀྱི་བྱ་བ་མཐའ་དག་ལ་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་བས། ཉེ་རབས་ཀྲུང་ཧྭ་མི་རིགས་ཇེ་ཉམས་སུ་འགྲོ་བ་ནས་ལས་དབང་རྩ་བ་ནས་བསྒྱུར་ཐུབ་སྟེ། རྒྱུན་མཐུད་ངང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་མཆོང་སྐྱོད་རླབས་པོ་ཆེ་བྱེད་ཐུབ་པ་རེད།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་སྙམ་ན། ངེས་པར་དུ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མི་དམངས་ཀྱི་འདོད་བློ་དང་མཐུན་པ། སྒྱུར་བཅོས་སྒོ་འབྱེད་ཕོད་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་ཐུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་གིས་ཁེངས་སུ་འཇུག་དགོས་པ་ང་ཚོའི་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་བ་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྒྱུར་བཅོས་སྒོ་འབྱེད་ཀྱི་གསར་བརྗེ་རླབས་པོ་ཆེ་གསར་པ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཡོང་བར་བཀག་འགོག་བྱེད་པའི་བསམ་བློ་དང་སྒྲིག་སྲོལ་གྱི་འགལ་རྐྱེན་མཐའ་དག་སེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པས། ཀྲུང་གོ་འདི་ཉིད་གོམ་སྟོབས་ཆེན་པོའི་ངང་ནས་དུས་རབས་དང་འགྲོགས་ནས་སྐྱོད་ཐུབ་པ་བྱུང་བ་རེད།

ལོ་ངོ96རིང་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་ཆེད། སྟོབས་ཆེ་ཆུང་གང་ཡིན་དང། གནས་བབ་བཟང་ངན་གང་ཡིན་ལ་མ་བལྟོས་པར། ང་ཚོའི་ཏང་གིས་ག་དུས་ཡིན་ཡང་ཐོག་མའི་བསམ་འདུན་དང་། དམ་བཅའ་མ་བསྒྱུར་བར། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ཉེན་མང་པོ་མྱངས་པ་དང་། བློས་གཏོང་ཆེན་པོ་བྱས་པ། ཀྱག་ཀྱོག་གི་རིགས་བརྒྱུད་ཕོད་པ། ནོར་འཁྲུལ་ཡོ་བསྲང་ཕོད་པ་བཅས་བྱས་པས། གཏོར་ཐབས་བྲལ་བ་ལྟ་བུར་སྣང་བའི་དཀའ་གནད་མང་པོ་སེལ་ཐུབ་པ་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་དེབ་ཐེར་ཐོག་འགོད་རུང་བའི་ས་སྟེང་གི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་དུ་གསར་སྐྲུན་བྱས་ཡོད།

བློ་མཐུན་རྣམ་པ། དེ་རིང་། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་པ་དང་ཐག་ཉེ་བ་དང་། གདེང་ཚོད་དང་ནུས་པ་དེ་ལས་ཆེ་བས་ཁེངས་ཡོད། ལེ་དབར་བརྒྱ་བསྐྱོད་དགུ་བཅུ་ལམ་ཕྱེད་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པ་ནི་བདེ་བདེ་ལྷོད་ལྷོད་དང་ངང་ཚུལ་བསྟན་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྩིས་བྱེད་དགོས།


ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས། སྤྱི་ཚོགས་ནི་འགལ་བ་འདུས་མའི་ཁྲོད་དུ་མདུན་སྐྱོད་བྱེད་བཞིན་ཡོད་པས། འགལ་བ་ཡོད་ན་འཐབ་རྩོད་ཡོད་ངེས་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་བཀག་འགོག འགོག་རྐྱེན་ཆེན་པོ་ཁྱད་གསོད། འགལ་བ་ཆེན་པོ་ཐག་གཅོད་བཅས་ཐུབ་པར་བྱེད་ན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས་ཤིང་། ལོངས་སྤྱོད་འདོད་པ་དང་། སྒྱིད་ལུག་རྣམ་གཡེང་། འགལ་བར་གཡོལ་བ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཚང་མ་ནོར་འཁྲུལ་རེད། ཏང་ཡོངས་ཀྱིས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཞན་དུ་གཏོང་བ་དང་། འཁྱོག་བཤད་བྱེད་པ། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་བ་དང་། མང་ཚོགས་དང་ཁ་བྲལ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། སྒྱུར་བཅོས་དང་གསར་དུ་གཏོད་པའི་དུས་རབས་ཀྱི་རླབས་རྒྱུན་གསར་པའི་ཁྲོད་དུ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཞུགས་ཏེ་སྒྱུར་དཀའི་གོམས་གཤིས་ངན་པ་མཐའ་དག་རྩ་བ་ནས་དོར་དགོས་པ། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། གོང་སྤེལ་བཅས་ཀྱི་ཁེ་ཕན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་ཁ་ཕྲལ་བ་དང་མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་བཀག་འགོག་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་པའི་ཁྱབ་ཁོངས་དང་རང་བྱུང་ཁམས་ཀྱི་དཀའ་ངལ་དང་འགྲན་སློང་ཐོན་རིགས་ཐམས་ཅད་ཁྱད་གསོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོངས་ཀྱིས་འཐབ་རྩོད་རླབས་པོ་ཆེ་འདིའི་ཡུན་རིང་རང་བཞིན་དང་། རྙོག་འཛིང་ཆེ་བའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་མུ་མཐུད་ལེན་དགོས།

ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པར། ངེས་པར་དུ་ལས་གཞི་རླབས་པོ་ཆེ་འཛུགས་སྐྲུན་བྱེད་དགོས། ལས་གཞི་རླབས་པོ་ཆེ་དེ་ནི་ང་ཚོའི་ཏང་གིས་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བཞིན་པའི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་བསྐྱར་དར་ཡོང་བར་བྱེད་རྒྱུ་དེ་སྟོང་བསམ་ཞིག་ཡིན་ངེས་པ་ལོ་རྒྱུས་ཐོག་ནས་ར་འཕྲོད་བྱུང་ཡོད་ལ་མུ་མཐུད་ནས་ར་སྤྲོད་ཡོང་ངེས་རེད། ང་ཚོའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་། མི་རིགས་ཀྱི་རྟེན་གཞིར་འགྱུར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་བར་བྱེད་ན། རང་ངོས་ཐོག་མཐའ་བར་གསུམ་དུ་ཉམས་སད་ཐེག་ཐུབ་པ་དགོས། ཏང་ཡོངས་ཀྱིས་ཏང་གཤིས་ཀྱི་རྩ་དོན་སྔར་བས་རང་རྟོགས་ཀྱི་སྒོ་ནས་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཁ་གཏད་ཕོད་པ། རུས་འབྲད་དུག་སེལ་ཕོད་པ་བཅས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་སྐྱོན་བཟོ་བའི་རྒྱུ་རྐྱེན་མཐའ་དག་སེལ་བ་དང་། ཏང་གི་གཟུགས་གཞིའི་བདེ་ཐང་རུལ་བསླད་བཟོ་བའི་ནད་དུག་ཐམས་ཅད་སེལ་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་དང་། བསམ་པའི་ཁྲིད་སྟོན་སྟོབས་ཤུགས། མང་ཚོགས་སྒྲིག་འཛུགས་ཀྱི་སྟོབས་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ང་ཚོའི་ཏང་གི་སྐྱེ་སྟོབས་ཆེན་པོ་དང་འཐབ་འཛིང་བྱེད་ཤུགས་ཆེན་པོ་ནམ་ཡང་རྒྱས་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།

ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པར། ངེས་པར་དུ་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཆ་ཚང་གི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་རིན་དོད་ཧ་ཅང་ཆེན་པོ་བཏང་མཐར་ཐོབ་པའི་རྩ་བའི་གྲུབ་འབྲས་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་དང་། མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་བགྲོད་ལམ་ཉག་གཅིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ནི་ཏང་དང་མི་དམངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱེད་པའི་གཞུང་ལུགས་ཡང་དག་ཅིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྱི་ཀྲུང་གོ་འདི་ཉིད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་བྱེད་ཀྱི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཡིན་པས། ཏང་ཡོངས་ཀྱིས་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་གདེང་ཚོད་ཇེ་ཆེར་གཏོང་དགོས་ཤིང་། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་ལ་མི་སྐྱོད་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་ལའང་མི་སྐྱོད་པར། ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་དང་། དངོས་དོན་སྒྲུབ་ནས་རྒྱལ་ཁབ་དར་རྒྱས་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ཟུང་འབྲེལ་དམ་པོ་དང་། ཕན་ཚུན་རྒྱུན་མཐུད། ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་བཅས་ཀྱི་ཁྲོད་ལས་ཐག་ཆོད་རང་བཞིན་གྱི་ནུས་པ་ཐོན་བྱེད་ནི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་འདི་རེད། ལས་གཞི་རླབས་པོ་ཆེར་སྐུལ་སྤེལ་གཏོང་བར། འཐབ་རྩོད་རླབས་པོ་ཆེ་དང་། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།

བློ་མཐུན་རྣམ་པ། ལས་འགན་གྱིས་འགན་ཁུར་ཕོད་པའི་སྐུལ་བརྡ་གཏོང་བ་དང་། ལས་འགན་གྱིས་མ་འོངས་པར་ཁྲིད་སྟོན་བྱེད་བཞིན་ཡོད་པས། ང་ཚོས་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་། ལོ་རྒྱུས་ཀྱི་གདམ་གར་ངོ་མི་གནོང་བར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ། ཏང་གིས་འགོ་ཁྲིད་བརྟན་པོ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱེད་པར་བརྟེན་ནས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དགོས་པའི་སྐུལ་ལྕག་བཏང་ཐོག བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་གྱི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གོང་བུར་འགྲིལ་བར་བྱེད་དགོས།

གསུམ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་ཐབས་ཇུས།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་རང་རྒྱལ་གྱི་ལས་དོན་ཁག་འཕེལ་རྒྱས་བྱུང་བ་ཚང་མའི་ཐད་ནས་ང་ཚོར་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་བཏོན་པ་དེ་ནི། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་དང་། སྤྱིའི་ལས་འགན། སྤྱི་ཁྱབ་བཀོད་པ། འཐབ་ཇུས་ཀྱི་བཀོད་པ། འཕེལ་རྒྱས་གཏོང་ཕྱོགས། འཕེལ་རྒྱས་གཏོང་སྟངས། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཐབ་ཇུས་ཀྱི་གོམ་རིམ། ཕྱི་རོལ་གྱི་ཆ་རྐྱེན། ཆབ་སྲིད་ཀྱི་འགན་ལེན་ལ་སོགས་པའི་གཞི་རྩའི་གནད་དོན་ཚུད་པའི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་རྒྱུད་རིམ་ལྡན་པའི་སྒོ་ནས་ལན་འདེབས་དགོས་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སྔར་ལས་ལེགས་པར་གཏོང་བར་ཕན་ཐོགས་ཡོང་ཆེད། ལག་ལེན་གསར་པར་གཞིགས་ནས་དཔལ་འབྱོར་དང་། ཆབ་སྲིད། ཁྲིམས་སྐྱོང་། ཚན་རྩལ། རིག་གནས། སློབ་གསོ། དམངས་འཚོ། མི་རིགས། ཆོས་ལུགས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་ཀྱི་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” མེས་རྒྱལ་གཅིག་གྱུར། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ། ཏང་ལེགས་སྐྱོང་སོགས་པའི་ཕྱོགས་གང་ཅིའི་ཐད་ལ་གཞུང་ལུགས་ཐོག་ནས་དབྱེ་ཞིབ་དང་སྲིད་ཇུས་ཐོག་ནས་ཁྲིད་སྟོན་ཡང་བྱེད་དགོས་པ་འདི་རེད།

དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་དམིགས་ནས། ང་ཚོའི་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་མཐའ་འཁྱོངས་དང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་མཐའ་འཁྱོངས། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ལག་ལེན་གྱི་བླང་བྱ་གསར་པ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཐོག མཐོང་སྣང་གསར་རྐྱང་ཞིག་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་གོང་སྤེལ་གྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་ཏུ་བཏང་བ་དང་། དཀའ་སྡུག་ཆེ་བའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པས། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྲུབ་པ་རེད།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་འདིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་བ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་དར་བ་དང་འཆམ་མཐུན་ཡིད་སྨོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་ཐུབ་པར་བྱ་རྒྱུ་འདི་ཡིན་པ་ཁ་གསལ་བཟོས་པ་དང་། དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མི་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཟོས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་ནི“ཕྱོགས་ལྔ་གཞི་གཅིག”ཡིན་པ་དང་། འཐབ་ཇུས་ཀྱི་བཀོད་པ་ནི“ཕྱོགས་ཡོངས་བཞི”ཡིན་པ་ཁ་གསལ་བཟོས་པ། བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་གདེང་ཚོད་བརྟན་པོ་དགོས་ལུགས་ནན་བཤད་བྱས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་འདི་ཡིན་པ་ཁ་གསལ་བཟོས་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུ་འདི་ཡིན་པ་ཁ་གསལ་བཟོས་པ། དུས་རབས་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་ཏང་གི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ནས་མི་དམངས་ཀྱི་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་བཟང་ཤོས་ཤིག་ཏུ་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཟོས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་པར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཟོས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ། ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ། དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ། ཏང་ལེགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་གོ་གནས་གལ་ཆེན་འབུར་དུ་ཐོན་པ་བཅས་ཁ་གསལ་བཟོས་ཡོད།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུཌ། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ངེས་པར་དུ་རྒྱུན་རིང་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་རྒྱུན་མི་ཆད་པར་འཕེལ་རྒྱས་ཀྱང་གཏོང་དགོས།ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ངོ་བོ་དང་ནང་དོན་ཕུན་སུམ་ཚོགས་པོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ལས་དོན་ཁག་གི་ཁྲོད་དུ་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་དང་མཐར་ཕྱིན་བྱེད་དགོས།

(གཅིག) ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཕྱོགས་མཚམས་ཀུན་ཏུ་བཅས་སུ། ཏང་ནི་ཐམས་ཅད་ཀྱི་འགོ་ཁྲིད་མཁན་ཡིན་པས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟོས་ཀྱི་འདུ་ཤེས་བཅས་འཛིན་ཤུགས་ངེས་པར་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རང་རྟོགས་ངང་ནས་སྲུང་སྐྱོང་བྱེད་དགོས་པ། བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ནས་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཏང་གིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་འཆར་འགོད། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་ནུས་དང་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།

(གཉིས) མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་སྐྲུན་མཁན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཇི་ཡོང་ལ་ཐུག་པའི་རྩ་བའི་སྟོབས་ཤུགས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གོ་གནས་མཐའ་འཁྱོངས་དང་། སྤྱི་དོན་དུ་ཏང་འཛུགས་དང་དམངས་དོན་དུ་སྲིད་སྐྱོང་མཐའ་འཁྱོངས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་དུ་བསྟར་བ། ཏང་གི་མང་ཚོགས་ལམ་ཕྱོགས་དེ་རྒྱལ་སྲིད་སྐྱོང་རིམ་ཡོངས་ཀྱི་ལས་སྒོའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་སྨོན་ཚུལ་དེ་འབད་འཐབ་ཀྱི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་སྐྲུན་དགོས།

(གསུམ) ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ན་མ་གཏོཌ་ཀྲུང་གོ་དང་། སྤྱི་ཚོགས་རིང་ལུགས། མར་ཁེ་སི་རིང་ལུཌ་བཅས་འཕེལ་རྒྱས་གཏོང་མི་ཐུབ་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངེས་པར་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ། དུས་བབ་དང་མི་མཐུན་པའི་བསམ་པའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་ཞན་ཆ་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ། ཁེ་ཕན་སྲ་འགྱུར་ལས་བྱུང་བའི་བཀག་རྒྱ་ལས་བརྒལ་ཐབས་བྱེད་པ། མིའི་རིགས་ཀྱི་དཔལ་ཡོན་ལས་བྱུང་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་བསྡུ་ལེན། བརྒྱུད་རིམ་ལྡན་ཞིང་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ཕན་འབྲས་ཐོན་པ་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ཏེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ཐུབ་བྱེད་དགོས།

(བཞི) འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན་ཞིང་། འཕེལ་རྒྱས་གཏོང་རྒྱུ་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་དགོས་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་བསམ་གཞི་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་ངེས་པར་དུ་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་དུས་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རང་འགུལ་ངང་ཞུགས་པ་དང་སྐུལ་འདེད་གཏོང་བ། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་འཕེལ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དངོས་དང་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

(ལྔ) མི་དམངས་རང་ཁྱིམ་རང་བདག་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག་ཡོང་བ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་བླང་བྱ་ལྡོག་མེད་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་ལམ་ངེས་པར་མཐའ་འཁྱོངས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུཌ་བཅས་ངེས་པར་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་གོང་འཕེལ་གཏོང་བ། དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱས་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།

(དྲུག) ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་དང་འགན་ལེན་གལ་ཆེན་ཡིན་པས། ཏང་གི་འགོ་ཁྲིད་དེ་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ཡོངས་དང་ཕྱོགས་གང་ཅིར་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་འཕེལ་རྒྱས་གཏོང་བ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་མཐུན་ལྟར་སྲིད་སྐྱོང་བ། ཁྲིམས་མཐུན་ལྟར་སྲིད་འཛིན་པ་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་མཐའ་འཁྱོངས་བྱེད་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་དང་། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་ལུགས་མཐུན་བཞིན་ཏང་སྐྱོང་བ་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་བཅས་བྱས་ནས་མི་རིགས་ཡོངས་ཀྱི་ཁྲིམས་སྐྱོང་གི་བྱང་ཚད་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས།