མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ།(ཁག་བཞི་བ།)

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ།

(དྲུག) ཕྱོགས་ཡོངས་ནས་སྒོ་འབྱེད་ཅན་གྱི་གནས་བབ་གསར་པ་ཆགས་པའི་སྐུལ་འདེད་གཏོང་དགོས།

སྒོ་མོ་ཕྱེ་ན་གོང་དུ་འཕེལ། བཀག་སྡོམ་བྱས་ན་རྗེས་སུ་ལུས། ཀྲུང་གོས་སྒོ་མོ་ཆེན་པོ་འབྱེད་པ་ཇེ་ཆེར་གཏོང་བ་ལས། རྒྱག་མི་སྲིད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། ནང་དུ་འདྲེན་པ་དང་ཕྱི་རུ་གཏོང་བ་གལ་ཆེ་མཉམ་དུ་བརྩི་བ་མཐའ་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་དང་། གསར་གཏོད་བྱེད་ནུས་ཇེ་ཆེར་བཏང་ནས་སྒོ་འབྱེད་མཉམ་ལས་བཅས་བྱས་ཏེ། སྐམ་མཚོ་དང་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་གཉིས་ཕན་སྒོ་འབྱེད་ཀྱི་རྣམ་པ་ཆགས་པར་བྱེད་དགོས། ཕྱི་ཕྱོགས་སུ་ཉོ་ཚོང་རྒྱ་བསྐྱེད་པ་དང་། ཉོ་ཚོང་གི་ལས་རྣམ་གསར་པ་དང་ཉོ་ཚོང་བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་ཏེ། ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཉོ་ཚོང་དང་མ་དངུལ་གཏོང་བ་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཞུགས་འཐུས་ཀྱི་སྔོན་ལ་རྒྱལ་དམངས་ཀྱི་ཐོབ་ཐང་སྟེང་དུ་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཚོང་རར་ཞུགས་འཐུས་ཀྱི་ཚད་བཀག་ཆེས་ཆེར་གློད་པ། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། རང་རྒྱལ་གྱི་མངའ་ཁོངས་ནང་ཐོ་བཀོད་པའི་ཁེ་ལས་ཚང་མར་ཉེ་རིང་ཕྱོགས་རིས་མེད་པ་དང་། འདྲ་མཉམ་གཅིག་མཐུན་གྱི་ལྟ་སྟངས་འཛིན་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས། ནུབ་རྒྱུད་སྒོ་མོ་འབྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་དང་། རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཚོལ་ཞིབ་བྱེད་དགོས། ཕྱི་ཕྱོགས་སུ་མ་དངུལ་འཇོག་སྟངས་གསར་དུ་གཏོད་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཉོ་འཚོང་དང་། མ་དངུལ་གཏོང་སྡུད། ཐོན་སྐྱེད། ཞབས་ཞུ་བཅས་ཀྱི་དྲ་བ་ཆགས་པར་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས།

བློ་མཐུན་རྣམ་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པས། ང་ཚོས་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་ནུས་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བཏང་ནས། སྤུས་ཚད་སྔར་ལས་བཟང་བ་དང་། ཕན་ཆོད་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་མཐུད་རུང་བ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བརྩོན་དགོས།

དྲུག མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུཌ་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས།

རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་། བཟོ་ཞིང་མནའ་འབྲེལ་རྨང་གཞིར་གྱུར་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དམངས་གཙོ་ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། ཕན་གོ་ཆོད་ཤོས་བཅས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་སྐྲུན་ནུས་པ་འདོན་སྤེལ་བྱེད་པ་བཅས་ཡིན་ཞིང་། ལམ་ལུགས་ཆ་ལག་ཚང་བར་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ནི། ཉེ་རབས་ནས་བཟུང་སྟེ་ཀྲུང་གོའི་མི་དམངས་ཀྱི་ཡུན་རིང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཀྱི་ལྡོག་མེད་ཀྱི་འབྲས་བུ་ཡིན་ལ། ཏང་གི་ངོ་བོའི་རང་གཤིས་མཐའ་འཁྱོངས་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱའང་ཡིན། འཛམ་གླིང་ཐོག་ཡོངས་སུ་འདྲ་མཚུངས་ཡིན་པའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་མེད་ལ། ཆབ་སྲིད་ལམ་ལུགས་དེ་ཁྱད་པར་ཅན་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་སྤྱི་མཚན་དུ་ཤན་འབྱེད་བྱེད་མི་རུང་བ་དང་། གཅིག་རང་མཆོག་འཛིན་མི་རུང་བ་དང་། ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་མི་འཕྲོད་བཙན་སྦྱོར་ཡང་བྱེད་མི་རུང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཡུན་རིང་མཐའ་འཁྱོངས་དང་། རྒྱུན་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ཧུར་ཐག་དང་བརྟན་པོའི་ངང་ནས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་སྐུལ་སྤེལ་གཏོང་བ་དང་། མི་དམངས་ཀྱིས་ཁྲིམས་མཐུན་ལྟར་ཐབས་ལམ་དང་རྣམ་པ་མི་འདྲ་བ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་བྱ་གཞག་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་བྱ་གཞག་དོ་དམ་བཅས་བྱེད་པའི་འགན་ལེན་བྱེད་པ། གསོན་ཉམས་ལྡན་ཞིང་འཁྲུག་ཆ་དོད་པ་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

(གཅིག) ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་དགོས། ཏང་གི་འགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་འགན་ལེན་ཡིན་པ་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་ལ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་རྣམ་པ་ཡིན་ཞིང་། འདི་གསུམ་པོ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལག་ལེན་རླབས་པོ་ཆེའི་ནང་དུ་གཅིག་གྱུར་བྱུང་ཡོད། རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་དུ། ཏང་ནི་འགོ་ཁྲིད་བྱེད་མཁན་གྱི་གནས་སུ་ཡོད་པས། ཏང་གི་གཅིག་སྡུད་དང་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་གཅིག མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་མཐུན་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་། ལས་དོན་སྒྲུབ་པ། ནུས་པ་འདོན་པ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཉིས་ཏེ། འདི་གཉིས་ནི་གཅིག་གྱུར་ཡིན། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་དབང་སྐྱོང་སྟངས་ལེགས་སྒྱུར་བྱས་ཏེ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་ཕན་ནུས་ལྡན་པར་སྐྱོང་བའི་འགན་ལེན་བྱེད་དགོས། མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་བསྐྱེད་དེ། མི་དམངས་ཀྱིས་ཁྲིམས་མཐུན་ལྟར་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱེད་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། གཟི་རྔམ། དབང་ཟིལ་བཅས་སྲུང་སྐྱོང་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་གི་ཐོག་ནས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ། མི་དམངས་ཀྱིས་ཁྲིམས་མཐུན་ལྟར་ཁྱབ་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་པའི་འགན་ལེན་བཅས་བྱེད་དགོས། གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། འདོད་བློ་མཚོན་པར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་བྱེད་དགོས། ཁྲིམས་མཐུན་ལྟར་ཇུས་ཐག་གཅོད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཇུས་གཅོད་ཚན་རིག་དང་མཐུན་ཞིང་། ལག་བསྟར་བློ་ཐག་ཆོད་པ། ལྟ་སྐུལ་ཤེད་ཤུགས་ལྡན་པ་བཅས་ཀྱི་དབང་ཆ་སྤྱོད་པའི་ལམ་སྲོལ་འཛུགས་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་གཙོའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་གཙོའི་སྤྱོད་ཚུལ་དར་སྤེལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས། མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ་བྱེད་དགོས།

(གཉིས) མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ཀྱི་ལས་ཀའི་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་པ་དང་། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་མཐུན་ལྟར་ཁྲིམས་འཛུགས་ཀྱི་དབང་ཆ་དང་། ལྟ་སྐུལ་གྱི་དབང་ཆ། ཐག་གཅོད་ཀྱི་དབང་ཆ། བསྐོ་འཐེན་གྱི་དབང་ཆ་བཅས་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་ལས་ལེགས་པར་བཏོན་ནས། མི་དམངས་འཐུས་ཚོགས་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ལྷན་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་ཕྲག་ཏུ་འཁུར་བའི་ལས་དོན་ལས་ཁུངས་སུ་འགྱུར་བར་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་སུ་འགྱུར་བར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་ཁོངས་མིའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས།

(གསུམ) སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། བྱ་བ་ཐམས་ཅད་གྲོས་མོལ་བྱས་པས་ཆོག མི་དམངས་ཀྱི་བྱ་བ་མི་དམངས་ཀྱིས་གྲོས་ནས་སྒྲུབ་དགོས་པ་འདི་ནི་མི་དམངས་དམངས་གཙོའི་བདེན་ལུགས་མཐར་སོན་རེད། གྲོས་མོལ་དམངས་གཙོ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་རྣམ་པ་ཁྱད་པར་ཅན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པས། དམངས་གཙོ་གྲོས་མོལ་ཡོངས་ཁྱབ་དང་། རིམ་པ་མང་པོ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་གཏོང་བ་དང་། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལམ་ལུགས་ཀྱི་གོ་རིམ་དང་ཐེ་ཞུགས་ཀྱི་ལག་ལེན་ཆ་ལག་ཚང་བ་ཞིག་ཆགས་པར་བྱས་ནས། མི་དམངས་ལ་དུས་རྒྱུན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཐེ་ཞུགས་ཀྱི་ཁེ་དབང་ཡོངས་ཁྱབ་དང་། རྒྱུན་མཐུད། གཏིང་ཟབ་བཅས་ཡོང་བའི་འགན་ལེན་བྱེད་དགོས།

མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ལྟེ་བ་འདུས་དགོས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ལ་དམིགས་ཏེ། གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས་ལ། སྲིད་དོན་གྲོས་མོལ་གྱི་ནང་དོན་དང་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་ཇེ་ཆེ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་གང་ཐུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དང་ཇུས་གཞི་གལ་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་དུ་ལྟ་སྐུལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལས་རིགས་དབྱེ་ཁོངས་མི་འདྲ་བའི་མཚོན་བྱེད་རང་བཞིན་ཇེ་ཆེར་གཏོང་བ་དང་། ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

(བཞི) ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་མོ་ཞིག་ཡིན་པས། ཁྲིམས་ཀྱིས་སྐྱོང་བ་ངེས་པར་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོར་བྱེད་པ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྱོང་ལ་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྩ་ཁྲིམས་དང་འཚམ་མཐུན་ཡིན་མིན་ཞིབ་བཤེར་བྱས་ཏེ། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱེད་དགོས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ལྟར་ཁྲིམས་འཛུགས་བཅས་བྱས་ནས། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལེགས་སྐྱོང་མཁས་པོ་ཡོང་བའི་འགན་སྲུང་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་ནས། ཁྲིམས་མཐུན་ལྟར་སྲིད་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་བསྟར་གཟབ་ནན་ཚད་ལྡན་དང་དྲང་གཞག་ཡ་རབས་བཅས་ཀྱི་སྒོ་ནས་བྱེད་དགོས། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཆ་ལག་ཚང་བར་གཏིང་ཟབ་བྱེད་པ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲིམས་འཛིན་གྱི་གྱོད་དོན་རེ་རེའི་ནང་མི་དམངས་མང་ཚོགས་ལ་འདྲ་མཉམ་དང་དྲང་གཞག་གི་ཚོར་སྣང་སྐྱེས་སུ་འཇུག་གང་ཐུབ་བྱེད་དགོས། དམངས་ཡོངས་ལ་ཁྲིམས་ལུགས་ཤེས་བྱ་ཁྱབ་སྤེལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་གི་བསམ་གཞི་འཆང་དུ་འཇུག་དགོས། ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་འཇོག་དང་། སློབ་སྦྱོང་། བརྩི་སྲུང་། བེད་སྤྱོད་བཅས་བྱེད་དགོས། རྩ་འཛུགས་དང་སྒེར་པ་སུ་གང་ལ་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་དམིགས་བསལ་དབང་ཆ་ཡོད་མི་ཆོག ཁྲིམས་ཚབ་གཏམ་བྱེད་དང་། ཁྲིམས་མགོ་དབང་གནོན། ཁེ་གཉེར་ཁྲིམས་འགལ། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱེད་མི་ཆོག

(ལྔ) སྒྲིག་གཞི་དང་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། སྒྲིག་གཞི་སྣ་ཚོགས་འཛུགས་པར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། ཏང་སྲིད་སྡེ་ཁག་དང་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞིའི་དབང་ཆ་ཚན་རིག་དང་མཐུན་པར་བགོ་སྒྲིག་བྱེད་པ་དང་འགན་འཁྲི་ཁ་གསལ་བཟོ་དགོས། སྒྲིག་ཁོངས་ཀྱི་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བཀོལ་སྤྱོད་བྱས་ནས། དོ་དམ་གྱི་སྒྲིག་སྲོལ་ཚན་རིག་དང་མཐུན་ཞིང་འཚམ་པོ་ཆགས་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྒྲིག་གཞིའི་འཛུགས་ཁྲིམས་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱེད་པ། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་སྐྲུན་བྱེད་པ། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་སྲིད་གཞུང་གི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། ཞིང་ཆེན་རིམ་པ་དང་དེ་མན་གྱི་སྲིད་གཞུང་ལ་རང་བདག་དབང་ཆ་སྔར་བས་མང་པོ་སྤྲོད་དགོས། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་སུ་འགན་ནུས་འདྲ་མཚུངས་ཡིན་པའི་ཏང་སྲིད་ལས་ཁུངས་ཟླ་སྒྲིལ་གྱིས་འཛུགས་པའམ་ཡང་ན་མཉམ་བསྲེས་ཀྱིས་གཞུང་དོན་སྒྲུབ་སྟངས་འཚོལ་ཞིབ་བྱེད་དགོས། བྱ་ལས་སྡེ་ཚན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྤྱི་ཕན་གྱི་ངང་ཚུལ་ཇེ་ཆེར་གཏོང་བ། སྲིད་གཞུང་དང་བྱ་ལས་སྡེ་ཚན་ལོགས་སུ་འབྱེད་པ་དང་། བྱ་ལས་སྡེ་ཚན་དང་ཁེ་ལས་སོ་སོར་འབྱེད་པ། དོ་དམ་དང་ལས་གཉེར་ལོགས་སུ་འབྱེད་པ་བཅས་བྱེད་དགོས།

(དྲུག) རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་བྱ་གཙོ་བོ་ཁོང་དུ་ཟབ་མོ་ཆུད་པར་བྱེད་པ་དང་།

གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། སྤྱི་མཐུན་གྱི་ཆ་ཆེ་ཤོས་རྙེད་པར་བྱེད་པ་དང་། ཐུན་མོང་གི་རེ་སྨོན་ཆེ་ཤོས་གཏོད་དགོས། ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། བདེ་སྡུག་མཉམ་མྱོང་བཅས་མཐའ་འཁྱོངས་བྱས་ནས། དམངས་གཙོའི་ཏང་ཤོག་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་བླང་བྱ་ལྟར་འགན་ནུས་སྔར་ལས་ལེགས་པར་སྒྲུབ་པའི་རྒྱབ་སྐྱོར་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་བ་དང་། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མི་རིགས་ཁག་སེ་འབྲུ་བཞིན་དུ་རྡོག་པོར་འགྲིལ་བར་བྱས་ནས། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ལས་དོན་ལེགས་པོར་བསྒྲུབས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཁོང་ཚོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས། ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ལ་ཡོངས་ཁྱབ་ཏུ་མཐུན་སྒྲིལ་དང་འབྲེལ་གཏུག་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་མཉམ་དུ་འབད་བརྩོན་བྱེད་དགོས།

བློ་མཐུན་རྣམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དགེ་མཚན་དང་ཁྱད་ཆོས་ཡོངས་སུ་འདོན་སྤེལ་བྱས་ནས། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཡར་ཐོན་ཡོང་བར་ཀྲུང་གོའི་བློ་གྲོས་ཀྱིས་ཁེངས་པའི་བྱས་རྗེས་འཇོག་པར་ང་ཚོར་རྦད་དེ་གདེང་ཚོད་དང་ནུས་པ་ཡོད།

བདུན། རིག་གནས་ཀྱི་གདེང་ཚོད་བརྟན་པོ་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས།

རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་པས། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་ལྡན་དུ་འགྱུར་ངེས། རིག་གནས་ཀྱི་གདེང་ཚོད་ཆེན་པོ་མེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་སྐྲུན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་དཔལ་ཡོན་རྒྱས་པའི་ལོ་རྒྱུས་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བྱུང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་གསུམ་གྱི་ཁྲོད་གསར་དུ་བཏོད་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཏོད་པ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་རྩ་བ་ཚུགས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ནི་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་། དེང་རབས་ཀྱི་ཀྲུང་གོའི་དོན་དངོས་ལ་རྩ་བ་འཛུགས་པ། ད་ལྟའི་དུས་རབས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བཅས་བྱས་ཏེ་དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་དང་། མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་པ་ཡིན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱེད་པ་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་སྤོ་སྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭའི་རིག་གནས་འོད་སྟོང་འབར་བ་གསར་པ་རྒྱུན་མ་ཆད་པར་གསར་དུ་གཏོད་དགོས།

(གཅིག) འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་འདུ་ཤེས་འཛིན་སྟངས་ལ་ཐུག་པ་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་ངེས་པར་སྐུལ་འདེད་གཏོང་བ་དང་། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་སྐྱེད་སྲིང་བྱས་ནས་ཕུགས་འདུན་དང་། དད་སེམས། རིན་ཐང་གི་བསམ་གཞི། ཀུན་སྤྱོད་ཀྱི་ལྟ་བ་བཅས་ཀྱི་ཐོག་མི་དམངས་ཡོངས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རྣམས་ཀྱི་སེམས་སུ་ཟབ་མོ་འཇགས་པར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་ལེགས་སྐྱོང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གང་མྱུར་ལེགས་སྐྱོང་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་དཔེ་གསར་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་མཐའ་འཁྱོངས་དང་སྒྲོག་སྤེལ་བྱེད་སྟངས་འཛུགས་སྐྱོང་དང་གསར་གཏོད་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། གསར་འགྱུར་དང་གླེང་ཕྱོགས་སྒྲོག་སྤེལ་བྱེད་ནུས་དང་། ཁྲིད་སྟོན་བྱེད་ནུས། བག་ཆགས་འཇོག་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཇེ་ཆེར་གཏོང་དགོས། དྲ་སྦྲེལ་གྱི་ནང་དོན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་སྦྲེལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་མ་ལག་བཙུགས་ཏེ་དྭངས་གཙང་གི་དྲ་སྦྲེལ་བར་སྟོང་གཏོད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡོང་བར་བྱེད་པ་དང་། འཐབ་ས་ལེགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་རྩ་དོན་ཐད་ཀྱི་གནད་དོན་དང་། བསམ་བློའི་ངོས་འཛིན་གྱི་གནད་དོན། རིག་གཞུང་གི་ལྟ་བའི་གནད་དོན་བཅས་དབྱེ་བ་འབྱེད་པར་དོ་སྣང་བྱས་ཏེ། ནོར་འཁྲུལ་གྱི་ལྟ་བ་སྣ་ཚོགས་ལ་ལྟ་བ་གསལ་སྟོན་གྱིས་ངོ་རྒོལ་དང་བཀག་འགོག་བྱེད་དགོས།

(གཉིས) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་དེང་རབས་ཀྱི་ཀྲུང་གོའི་སྙིང་སྟོབས་གཅིག་བསྡུས་སུ་མཚོན་བྱེད་ཡིན་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་གཅིག་ཏུ་འདུས་ཡོད་པས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པར་དམིགས་ཏེ། སློབ་གསོས་སྣེ་འཁྲིད་ཅིང་། ལག་ལེན་ལ་གོམས་པ་དང་། ལམ་ལུགས་ཀྱི་འགན་ལེན་བཅས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རྒྱལ་དམངས་ལ་སློབ་གསོ་དང་། བསམ་པའི་དཔལ་ཡོན་ལེགས་སྤེལ། བསམ་པའི་རིག་གནས་ཐོན་རྫས་གསར་གཏོད་ཐོན་སྐྱེད་སྒྲོག་སྤེལ་བཅས་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིར་འཐིམ་པར་བྱས་ཐོག མི་རྣམས་ཀྱི་བརྩེ་དུང་གི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཀྱི་གོམས་སྲོལ་དུ་འགྱུར་བར་བྱེད་དགོས། དམངས་ཡོངས་འགུལ་བ་དང་། ལས་བྱེད་པས་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། ཁྱིམ་ཚང་ནས་སྒྲུབ་འགོ་རྩོམ་པ་དང་བྱིས་པའི་དུས་ནས་དམ་འཛིན་བྱེད་དགོས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བར་འདུས་པའི་བསམ་བློའི་ལྟ་བ་དང་། མི་ཆོས་ཀྱི་སྙིང་སྟོབས། ཀུན་སྤྱོད་ཀྱི་ཚད་གཞི་བཅས་འཚོལ་འདོན་དང་། དུས་རབས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་རྒྱུན་འཛིན་དང་གསར་གཏོད་བྱས་ཏེ། ཀྲུང་ཧྭའི་རིག་གནས་ལ་ནམ་ཡང་མཚར་སྡུག་དང་དུས་རབས་ཀྱི་གཟི་མདངས་ལྡན་དུ་འཇུག་དགོས།

(གསུམ) བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ལ་དད་མོས་ཡོད་ན། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་ཞིང་མི་རིགས་ལ་རེ་བ་ཡོད། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། དཔལ་ཡོན་གྱི་བྱང་ཚད་བཅས་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ཁྱབ་ཆེར་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་ཀྱི་སློབ་གསོ་ཟབ་སྤེལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རྣམས་ལ་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་འཆང་བའི་སྣེ་འཁྲིད་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་ལས་གཞི་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། སྒེར་གྱི་གཤིས་སྤྱོད་བཅས་ལེགས་སྐྱོང་ལ་སྐུལ་འདེད་གཏོང་ཞིང་། མི་རྣམས་ཡར་ཐོན་དགེ་བརྩོན་དང་། རྒན་བཀུར་བྱམས་བརྩེ། མེས་རྒྱལ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བའི་སྐུལ་སློང་བྱེད་དགོས། བསམ་བློ་དང་ཆབ་སྲིད་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་དུ་གཏོད་པའི་བྱེད་སྒོ་ཟབ་མོར་སྤེལ་དགོས། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་། ཚན་རིག་གི་ཤེས་བྱ་ཁྱབ་གདལ་གཏོང་བ། ཡུལ་སྲོལ་གོམས་གཤིས་སྒྱུར་བ། དུས་རབས་ཀྱི་གོམས་སྲོལ་གསར་པ་དར་སྤེལ་གཏོང་བ་བཅས་བྱས་ཏེ། རུལ་སུངས་རྗེས་ལུས་ཀྱི་རིག་གནས་བསླད་སྐྱོན་བཀག་འགོག་བྱེད་དགོས། ཡིད་རྟོན་ལེགས་སྐྱོང་དང་མ་སྐུལ་དང་བླངས་ཀྱི་ཞབས་ཞུ་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་། སྒྲིག་ལམ་སྲུང་སེམས། ལེགས་སྐྱེས་འབུལ་སེམས་བཅས་ཆེ་རུ་གཏོང་དགོས།

(བཞི) སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་མི་དམངས་ཀྱི་རིག་རྩལ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཚོ་བར་ཟབ་ཞུགས་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཟབ་མོ་ཚུགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་གསར་རྩོམ་བྱེད་དགོས། རིག་རྩལ་གསར་རྩོམ་དར་རྒྱས་གཏོང་དགོས་ན། བསམ་བློ་གཏིང་ཟབ་ཅིང་སྒྱུ་རྩལ་རྩེར་སོན། བཟོ་སྐྲུན་སྤུས་དག་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་བརྗོད་བྱ་དངོས་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་དང་མེས་རྒྱལ་ལ་བསྟོད་པ་དང་། མི་དམངས་དང་དཔའ་བོར་བསྟོད་པའི་བརྩམས་ཆོས་ཕུལ་བྱུང་ཆད་མེད་འདོན་དགོས། རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་བཏང་སྟེ། རིག་རྩལ་ཐོག་མར་གསར་དུ་གཏོད་ནུས་ཆེ་རུ་བཏང་སྟེ་རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་དང་བརྩམས་ཆོས་འགན་འཁྲི་གསུམ་ལ་དོ་སྣང་བྱེད་པ་དར་སྤེལ་བཏང་ནས། མ་རབས་དང་། ཐ་མལ་བ། སྤྲེལ་ལད་བཅས་བཀག་འགོག་བྱེད་དགོས། རིག་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱོད་རྩལ་གཉིས་ལྡན་གྱི་མཁས་དབང་གྲགས་ཅན་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་པ་དང་། ཆུ་ཚད་མཐོ་བའི་གསར་རྩོམ་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་དགོས། (ལྔ) རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཡོང་བར་བྱེད་དགོས། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་རེ་སྨོན་གསར་པ་སྐོང་དགོས་ན། ངེས་པར་དུ་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་དགོས། རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རིག་གནས་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་ཅིང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་གྱི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཛུགས་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་ཟབ་མོར་བྱས་ནས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་གསར་དུ་བཏོད་ཅིང་། རིག་གནས་དང་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། རིག་གནས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། དམངས་ཡོངས་ལུས་ཁམས་བདེ་ཐང་ཡོང་བའི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་པོ་བྱེད་པར་སྐུལ་འདེད་བཏང་ནས། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལེགས་པོ་བྱེད་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རང་ཉིད་གཙོ་བོར་བཟུང་ནས་མཉམ་སྡུད་མཉམ་གསོག་བྱེད་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་ལེགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་བྱུང་རབས་ལེགས་པོ་བརྗོད་པ། ཀྲུང་གོ་མངོན་སུམ་དང་། རིམ་མང་། ཁྱོན་ཡོངས་མངོན་པར་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་མཉེན་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས།

བློ་མཐུན་རྣམ་པ། ཀྲུང་གོ་གུང་ཁྲན་ཏང་ནི་དབུ་བརྙེས་པའི་ཉིན་ནས་བཟུང་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་པ་དང་ལག་བསྟར་བ་ཡིན་ལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བའི་བློ་དཀར་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཡང་ཡིན། དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ཀྱིས་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་པར་འཁུར་འོས་ལ་འཁུར་ཡང་ཐུབ་ངེས་ཡིན་པ་དང་། ལག་ལེན་གྱི་གསར་གཏོད་ཁྲོད་དུ་རིག་གནས་གསར་གཏོད་བྱེད་པ་དང་། ལོ་རྒྱུས་ཡར་ཐོན་གྱི་ཁྲོད་རིག་གནས་ཡར་རྒྱས་ཡོང་བར་བྱེད་དགོས།

བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་དུ་གཏོད་དགོས།

མི་སུ་ལ་ཞབས་འདེགས་ཞུ་བའི་གནད་དོན་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུ་ཡིན་པ་ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ལ་འཇགས་པར་བྱེད་དགོས། མི་དམངས་ཀྱི་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པ་ནི། ང་ཚོའི་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་དུ་མེད་པའི་འབད་འཐབ་ཀྱི་དམིགས་ཡུལ་ཡིན། ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་གནས་སུ་འཇོག་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་སུ་བཅུག་སྟེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཕྱོགས་སུ་རྒྱུན་མ་ཆད་པར་མདུན་དུ་སྐྱོད་དགོས།

དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ན། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀ་དང་། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་དམ་པོར་འཛིན་དགོས་པ་དང་། གང་ཐུབ་ཅི་ཐུབ་བྱེད་དགོས་ལ་འཁོས་དཔག་ལའང་བསྟུན་དགོས་ཤིང་། དོན་དག་རེ་རེ་བཞིན་བསྒྲུབ་དགོས་པ་དང་། ལོ་རེ་ནས་ལོ་རེ་བཞིན་བསྒྲུབ་དགོས། མི་རེ་ངོ་རེས་འགན་འཁྲི་སྒྲུབ་ཅིང་། མི་རེ་ངོ་རེས་ལོངས་སུ་སྤྱོད་པ་མཐའ་འཁྱོངས་བྱེད་ཅིང་། མཐའ་ཚད་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་ཁྲིད་སྟོན་བཅས་བྱས་ནས། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་།

ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐོང་དགོས། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་མུ་མཐུད་སྐུལ་སྤེལ་བཏང་སྟེ། ཕན་ནུས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཆགས་པར་བྱས་ནས། མི་དམངས་ལ་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་ལས་ཆེ་རུ་འགྲོ་བ་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས།

(གཅིག) སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས། སློབ་གསོ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྨང་གཞིའི་ལས་གཞི་ཡིན་པས། སློབ་གསོའི་བྱ་གཞག་ངེས་པར་དུ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་སུ་བཞག་སྟེ། སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་གཉེར་དགོས། ཏང་གི་སློབ་གསོའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་འདྲ་སྙོམས་ཡོང་བར་བྱས་ཏེ། སྤྱོད་ཤེས་ལུས་མཛེས་བཞི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་འཕེལ་རྒྱས་ཡོང་བར་བྱས་ཏེ། གྲོང་གསེབ་ཀྱི་འོས་འགན་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། སློབ་ན་མ་སོན་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། དྲ་སྦྲེལ་སློབ་གསོ་བཅས་ལེགས་པོ་གཉེར་བ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་བཏང་ཐོག བྱིས་པ་མི་རེ་ངོ་རེར་སྤུས་ཚད་ལེགས་པའི་སློབ་གསོ་འདྲ་མཉམ་ལོངས་སྤྱོད་གང་ཐུབ་བྱེད་དུ་འཇུག་དགོས། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཟབ་ཏུ་སྤེལ་དགོས། སློབ་ཆེན་རྩེར་སོན་དང་རིག་ཚན་རྩེར་སོན་གང་མགྱོགས་འཛུགས་སྐྱོང་བྱས་ནས། མཐོ་རིམ་སློབ་གསོ་དོན་སྙིང་ལྡན་པར་འཕེལ་རྒྱས་ཡོང་བར་བྱེད་དགོས། སློབ་མའི་རོགས་དངུལ་ལམ་ལུགས་ཆ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་ཐོན་ངལ་རྩོལ་ནུས་ཤུགས་མང་ཆེ་བས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་དང་ལེན་བྱེད་པ་དང་མཐོ་རིམ་སློབ་གསོ་སྔར་ལས་མང་པོ་མྱོང་དུ་འཇུག་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གསོ་གཉེར་བར་རྒྱབ་སྐྱོར་དང་ཚད་ལྡན་བཟོ་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དར་སྤེལ་གཏོང་དགོས། རྒྱུན་མཐུད་སློབ་གསོ་ལེགས་པོ་གཉེར་བ་དང་། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་མགྱོགས་པོ་འཛུགས་སྐྱོང་བྱས་ནས་རྒྱལ་དམངས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས།