ཡུལ་ཤུལ་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་རིན་མེད་སྒོས་ཐུམ་འབུའི་ནད་བཅོས་སྐྱོང་བྱེད་ཐུབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཐུམ་འབུའི་ནད་ནི་ནུབ་རྒྱུད་རོང་འབྲོག་ས་ཁུལ་དུ་འགོས་ཚབས་ཆེ་ལ་མི་ཕྱུགས་གཉིས་ཀར་ཕོག་སླ་བའི་མིའི་ལུས་ཕུང་ཁྲོད་ཁྱིའི་ལུས་སྟེང་གི་རྒྱུ་སྲིན་ལེབ་མོའི་འབུ་སྒོང་འགོས་པར་བརྟེན་ནས་བྱུང་བའི་ནད་རིགས་ཤིག་ཡིན་ལ།རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཐད་ཀྱི་ཁུར་བོ་ལྕི་མོ་ཞིག་ཀྱང་ཡིན་པ་རེད།ཉེ་བའི་ལོ་ཤས་རིང་།རང་ཞིང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་།ཐུམ་འབུའི་ནད་ཡོད་མེད་ལ་བརྟག་དཔྱད་དང་།བདེ་ཐང་སློབ་གསོ།ཐུམ་འབུའི་ནད་བཅོས་སྐྱོང་ས་ཚུགས་འཛུགས་སྐྲུན།འབྱོན་མི་གསོ་སྦྱོང་སོགས་བྱས་པར་མ་ཟད།ཞིང་ལས་མཉམ་ལས་དང་།དམངས་སྲིད་མ་མཐའི་འཚོ་བའི་འགན་སྲུང་།སྲིད་གཞུང་གི་སྲིད་ཇུས།སྙིང་རྗེ་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་རོགས་རམ་ལ་བརྟེན་ནས།མཚོ་སྔོན་ས་ཁུལ་དུ་རིན་མེད་སྒོས་ཐུམ་འབུའི་ནད་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱུང་ཡོད་པ་རེད།

  2016ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པའི་ཐུམ་འབུའི་ནད་བཅོས་སྐྱོང་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2ལྷག་བཏང་བ་དང་།ཞིང་ཆེན་རིམ་པའི་ཐུམ་འབུའི་ནད་གསོ་བཅོས་བྱེད་པའི་ལྟེ་གནས་1དང་།ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་ཁང་1།ཁུལ་རིམ་པའི་ཐུམ་འབུའི་ནད་གསོ་བཅོས་བྱེད་པའི་ས་ཚུགས་2བཅས་འཛུགས་སྐྲུན་བྱས་ནས།མི་ཁྲི180ལྷག་བརྟག་དཔྱད་བྱས་ལ།གསར་དུ་ཐུམ་འབུའི་ནད་ཕོག་ཡོད་པའི་ནད་པ2200ལྷག་ལ་རིན་མེད་སྒོས་སྨན་བཅོས་བྱས་པ་རེད།

  ད་ལོར།མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་སྒོར་ཁྲི3500ཡི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ།གཙོ་བོ་ཡུལ་ཤུལ་ཁུལ་དང་།མགོ་ལོག་ས་ཁུལ་གྱི་མང་ཚོགས་ལ་བརྟག་དཔྱད་བྱེད་པ་དང་།བདེ་ཐང་སློབ་གསོ་སོགས་ཀྱི་བྱ་བར་བརྒྱབ་སྐྱོར་བྱས་ནས།ཁུལ་དང་རྫོང་རིམ་པའི་རིམས་ནད་སྔོན་འགོག་སྡེ་ཁག་གི་གཞི་རྩའི་ལྷུ་སྒྲིག་ཆ་རྐྱེན་ཇེ་ལེགས་སུ་བཏང་བར་མ་ཟད།ད་ལོའི་ལོ་མཇུག་བར་མི་ཁྲི་200ལྷག་ལ་བརྟག་དཔྱད་བྱེད་པ་བརྩོན་ལེན་བྱས་ནས་བསྡོམས་པའི་མི་ཁྲི460ལྷག་ལ་བརྟག་དཔྱད་བྱས་པས།བརྟག་དཔྱད་ཁེབས་ཚད་80%ཡན་ལ་བསླེབ་པ་དང་།མིག་སྔའི་བར།མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོས་མི་ཁྲི107ལ་བརྟག་དཔྱད་བྱས་པ་དང་།གསར་དུ་ཐུམ་པའི་ནད་ཕོག་ཡོད་པའི་ནད་པ་905གསར་རྟོག་བྱུང་ཡོད་པར་མ་ཟད།ཚང་མར་རིན་མེད་སྒོས་གཤགས་བཅོས་སྨན་བཅོས་བྱས་པ་རེད།

  མིག་སྔར།ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་གཉིས་ཀྱིས་རང་ས་གནས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ཇུས་གཞི་འགྲེམས་སྤེལ་བྱས་པ་དང་།དུས་མཚུངས་སུ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་དྲིལ་སྒྲོག་བྱ་འགུལ་ལེ་དབར་ཁྲི་ཁྲག་ལས་བརྒལ་ཞེས་པའི་བྱེད་སྒོ་སྤེལ་བ་དང་།བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་འགྲེམས་པང་དང་རི་མོ།ལག་དེབ་སོགས་དཔར་ནས་འགྲེམས་སྤེལ་བྱས་པ་རེད།སྦྲ་གར་དང་སློབ་གྲྭ།སྡོད་ཁུལ།ལས་ཁུངས།དགོན་པ་སོགས་སུ་སོང་ནས་ཐུམ་འབུའི་ནད་ཀྱི་རྒྱུན་ཤེས་དྲིལ་སྒྲོག་བྱས་པ་རེད།

  ལོ་ཙཱ་བ། ཤ་མོ་འཚོ།