མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྡེ་བ་དྲུག་ལ་ལས་གཞིའི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དགུ་བཏང་བ།

         ད་ལོར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གནས་གཏན་རོགས་སྐྱོར་བྱས་པའི་དབུལ་ཕོངས་སྡེ་བ་དྲུག་པོ་ཚང་མ་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལས་གཞིའི་ནང་བཞག་པ་དང་། ལས་གཞིའི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དགུ་བཏང་ནས། དབལ་ཕོངས་སྡེ་བ་རེ་རེར་རིག་གནས་ཐང་ཆེན་ལས་པ་དང་། ཞིང་སྡེའི་ཁྱིམ་ཚང་བརྒྱ་དང་ཞེ་ལྔ་ཁང་ཉེན་བཅོས་བསྒྱུར་ལས་གཞིའི་ཁྲོད་བཞག་པ་མ་ཟད། ཆུ་ལམ་བཅོས་སྐྱོང་དང་ཞིང་ཕྱུགས་མང་ཚོགས་ཀྱི་བརྡ་འཕྲིན་ཞབས་ཞུའི་སྟེགས་བུ་སོགས་ལས་གཞི་ལག་བསྟར་བྱས་པས་དབུལ་ཕོངས་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།


  རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཧྲུའུ་ཅི་དང་པོ་དྲུག་དང་དབུལ་སྐྱོར་སྡེ་བར་སྡོད་པའི་ལས་བྱེད་མི་སྣ་དྲུག་ལེགས་འདེམས་བྱས་ནས་དབུལ་ཕོངས་སྡེ་བའི་བར་ལ་དབུལ་སྐྱོར་འབྲེལ་བ་བཙུགས་པ་དང་། ཐིན་ཡོངས་ནས་ཏང་སྤྱིའི་ཀྲི་པུའུ་གཅིག་དང་ཏང་ཀྲི་པུའུ་ཉེར་དགུས་སོ་སོར་དབུལ་ཕོངས་སྡེ་བ་དྲུག་གི་ཏང་ཀྲི་པུའུ་དང་དབུལ་སྐྱོར་འབྲེལ་བ་བཙུགས་ཤིང་། ཏང་ཡོན་ལས་བྱེད་པ་ཉིས་བརྒྱ་ཞེ་དགུ་ཡིས་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ང་བརྒྱད་ལ་དབུལ་སྐྱོར་འབྲེལ་བ་བཙུགས། དབུལ་སྐྱོར་སྡེ་བར་སྡོད་པའི་ལས་བྱེད་པ་བཅུ་གཉིས་ཀྱིས་རིམ་བཞིན་ཁྱིམ་ཚང་སོ་སོར་སོང་ནས་འཚམས་འདྲི་བྱས་པ་དང་། སྡོམ་པས་ཁྱིམ་ཚང་དགུ་བརྒྱ་དོན་བཞི་ལ་འཚམས་འདྲི་བྱས་ནས་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ང་བརྒྱད་ཀྱི་མི་དྲུག་བརྒྱ་གོ་གཅིག་ལ་གནད་ཕིགས་ངོས་འཛིན་བྱས། དེར་མ་ཟད“ཁྱིམ་ཚང་གཅིག་ལ་གྲངས་ཡིག་གཅིག་དང་དབུལ་ཐར་འཆར་གཞི་གཅིག རོགས་སྐྱོར་བྱེད་ཐབས་ཆ་ཚང་གཅིག”གི་རེ་བ་ལྟར། ཡུལ་དངོས་ལ་སོང་ནས་འཚམས་འདྲི་བྱེད་པ་དང་བཞུགས་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཧུར་ཐག་གིས་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་རྒན་པ། ཕྱུག་སྒྱུར་སྣེ་ཁྲིད་པ་སོགས་ཀྱིས་ཡང་དང་བསྐྱར་དུ་ཞིང་བའི་ཡོང་སྒོ་འཕར་སྣོན་དང་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས་སྒྲིག་གཞི་ལེགས་སྒྲིག གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་ཞིང་སྡེའི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་ཕོངས་སྡེ་བའི་གཞི་རྩའི་གནས་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ལ་རྒྱུས་ལོན་བྱས་པ་དང་། “གནད་དོན་གཙང་སེལ་དང་འགན་ཁུར་ཡོངས་འགྲུབ། གོང་འཕེལ་ཡོངས་འགྲུབ”བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ་གནས་གཏན་དབུལ་སྐྱོར་བྱ་བ་གོ་རིམ་ལྡན་ཞིང་ཕན་ནུས་ཡོད་པའི་སྒོ་ནས་སྤེལ།