མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་སྤྱི་བའི་གླ་གཏོང་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར24བཏང་བ།

        ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར2014ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར24.1771བཏང་།

  དེའི་ནང་ཟི་ལིང་གྲོང་ཁྱེར་ལ་སྒོར་དུང་ཕྱུར11.0957དང་མཚོ་ཤར་གྲོང་ཁྱེར་ལ་སྒོར་དུང་ཕྱུར5.5424། མཚོ་ནུབ་ཁུལ་ལ་སྒོར་དུང་ཕྱུར0.9766། མཚོ་བྱང་ཁུལ་ལ་སྒོར་དུང་ཕྱུར1.4167། མཚོ་ལྷོ་ཁུལ་ལ་སྒོར་དུང་ཕྱུར1.7478། རྨ་ལྷོ་ཁུལ་སྒོར་དུང་ཕྱུར0.5879། མགོ་ལོག་ཁུལ་སྒོར་དུང་ཕྱུར1.5136། ཡུས་ཧྲུའུ་ཁུལ་ལ་སྒོར་དུང་ཕྱུར0.1748། ཞིང་ཆེན་བཙོན་ཁང་ལྟ་སྐུལ་ཅུའུ་ལ་སྒོར་དུང་ཕྱུར1.0418། མཚོ་སྔོན་པོ་དོ་དམ་ཅུའུ་ལ་སྒོར་དུང་ཕྱུར0.0798བཅས་ཡོད། ཆེད་སྤྱོད་མ་དངུལ་འདི་དག་ཆ་རྐྱེན་དང་འཚམ་པའི་ཚོང་ར་ནས་སྡོད་ཁང་གླས་ཡོད་པའི་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་ཁང་གླ་ཁ་གསབ་བྱེད་པ་དང་། སྲིད་གཞུང་གིས་རྩ་འཛུགས་ལག་བསྟར་བྱས་པའི་སྤྱི་བའི་གླ་གཏོང་སྡོད་ཁང་དང་གྲོང་ཁྱེར་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་གཞིའི་ཐད་བཀོལ་རྒྱུ་རེད།

  རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཁྱིམ་ཚང་ཁྲི11.05གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། དེའི་ནང་གྲོང་ཁྱེར་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཁྱིམ་ཚང་ཁྲི9.03དང་སྤྱི་བའི་གླ་གཏོང་སྡོད་ཁང་ཁྲི1.46འཛུགས་སྐྲུན་བྱེད་རྒྱུ་རེད། ད་ལོར་སྡོད་ཁང་ཁྱིམ་ཚང་ཁྲི7.99འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་ཁྱིམ་ཚང་ཁྲི7.03ནང་གནས་སྤོར་བྱེད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་གླ་རིན་དམའ་བའི་སྡོད་ཁང་ཁྱིམ་ཚང5000གསབ་སྣོན་བྱེད་རྒྱུ་རེད། །