མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྟོག་ཞིབ་ཚན་ཁག་གིས་མཚོ་ནུབ་ཁུལ་གྱི་བུད་མེད་མཉམ་འབྲེལ་བཅོས་སྒྱུར་བྱ་བར་རྟོག་ཞིབ་བྱས།

     ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཏུང་ཧྲི་ཀྲང་པོ་ལན་ཧྭ་ཡིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བུད་མེད་མཉམ་འབྲེལ་བཅོས་སྒྱུར་བྱ་བར་རྟོག་ཞིབ་བྱས་ཏེ། དབུལ་ཕོངས་མཐོ་འབྲིང་སློབ་མར་བརྩེ་སེམས་འབུལ་བའི་སློབ་སྒྲུབ་རོགས་སྐྱོར་བྱ་འགུལ་སྤེལ།

  རྟོག་ཞིབ་ཚན་ཁག་སྔ་གཞུག་ཏུ་ཏུའུ་ལན་དང་ན་གོར་མོ། གཏེར་ལེན་ཁ། ཝུའུ་ལན་རྫོང་བཅས་ཀྱི་ཞང་དང་གྲོང་རྡལ། སྡེ་བ། གཞིས་ཁུལ་བཅས་ཀྱི་བུད་མེད་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་། ཕྱི་ཡོང་ལས་གཉེར་བུད་མེད་ཀྱི་ཐོན་སྐྱེད། སྡོད་གནས་བཅས་ཀྱི་བྱ་བར་རྟོག་ཞིབ་ཞིབ་མོ་བྱས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་འདོན་བྱས་པ་ལས་གཞན། ཡུལ་དངོས་ནས་ཞང་དང་གྲོང་རྡལ་གྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་ས་ཁོངས་ཅན་འཛུགས་སྐྲུན་དང་། སྡེ་བའི་བུད་མེད་འཐུས་ཚབ་ཚོགས་པའི་བུད་མེད་མཉམ་འབྲེལ་བྱ་བའི་འོས་འགན་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། དེ་མིན་ད་དུང་བུད་མེད་མཉམ་འབྲེལ་རྩ་འཛུགས་དང་བུད་མེད་མཉམ་འབྲེལ་བྱ་བ་དུས་རབས་གསར་བའི་རྩ་འཛུགས་དང་བསྐྱར་དར་ཁྱབ་ཁོངས། རྣམ་པ་གསར་བའི་རྩ་འཛུགས་བཅས་ཀྱི་ཁྲོད་ནས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ་མིན་ལ་རྒྱུས་ལོན་ཞིབ་མོ་བྱས།

  རྟོག་ཞིབ་ཚན་ཁག་གིས་མགྲིག་གཅིག་ཏུ་བསྟན་དོན། ཞང་དང་གྲོང་རྡལ་གྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་ས་ཁོངས་ཅན་འཛུགས་སྐྲུན་དང་། སྡེ་བ་དང་གཞིས་ཁུལ་གྱི་བུད་མེད་འཐུས་ཚབ་ཚོགས་པས་བུད་མེད་མཉམ་འབྲེལ་བྱ་བ་ལེགས་བཅོས་གཏོང་རྒྱུ་ནི། བུད་མེད་མཉམ་འབྲེལ་བཅོས་སྒྱུར་གསར་གཏོད་བྱ་བ་ཡར་སྐུལ་གཏོང་བའི་སྟོབས་ཤུགས་གཙོ་བོར་ངོས་བཟུང་ནས་དམ་པོར་བཟུང་སྟེ། བུད་མེད་མཉམ་འབྲེལ་གྱི་བཅོས་སྒྱུར་གསར་གཏོད་བྱ་བའི་ལས་རིམ་ཁག་ཡར་སྐུལ་བྱེད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།