སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་བེད་སྤྱོད་དང་དོ་དམ་ཚད་ལྡན་སྐོར་གྱི་སྤྱི་བསྒྲགས།

སྤྱི་བདེ་པུའུ།

  ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

  རྒྱལ་ཁབ་གོང་སྤེལ་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།

  བཟོ་ལས་དང་ཆ་འཕྲིན་ཅན་པུའུ།

  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།

  སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ།

  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

  ཀྲུང་གོ་མི་དམངས་དངུལ་ཁང་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་བེད་སྤྱོད་དང་དོ་དམ་ཚད་ལྡན་སྐོར་གྱི་སྤྱི་བསྒྲགས།

  སྡོད་དམངས་ཐོབ་ཐང་ལག་ཁྱེར་ནི་རང་རྒྱལ་སྤྱི་དམངས་ཀྱི་ཁྲིམས་བཀོད་ཐོབ་ཐང་དཔང་ཡིག་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་དང་སྤྱི་དམངས་ཀྱི་མི་སྒེར་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡོད་དམངས་ཐོབ་ཐང་ལག་ཁྱེར་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྐྱོང་དོ་དམ་ཁྲིམས་ཆད་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཞིགས་ནས་ད་ལྟ་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་བེད་སྤྱོད་ཚད་ལྡན་དང་ཞིབ་བཤེར་སོགས་ཀྱི་འབྲེལ་ཡོད་དོན་ཚན་གྱི་སྤྱི་བསྒྲགས་ནི་གཤམ་ལྟར།

  གཅིག སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་སྤྱི་དམངས་ཀྱིས་སྤྱི་ཚོགས་བྱ་འགུལ་སྤེལ་བར་མཐུན་རྐྱེན་སྦྱོར་ཆེད་སྤྱི་དམངས་ཀྱིས་ཁྲིམས་ལྟར་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་པ་དང་བརྗེ་བ། ཁ་གསབ་བྱེད་པ་བཅས་ལ་རེ་ཞུ་བྱེད་དགོས།

  གཉིས། སྤྱི་དམངས་ཀྱིས་ཁྲིམས་ལྟར་སྡོད་དམངས་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱེད་པ་ལས་མི་གཞན་ལ་གླ་གཏོང་དང་གཡར་གཏོང་། བརྒྱུད་སྐོར་སོགས་བྱས་མི་ཆོག

  གསུམ། སྤྱི་དམངས་ཀྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་འདུ་ཤེས་ཤུགས་དྲག་ཏུ་གཏོང་དགོས་ལ། སྡོད་དམངས་ཐོབ་ཐང་ལག་ཁྱེར་ལ་བདག་གཉེར་བཟང་པོ་བྱས་ནས་བོར་བརླག་དང་རྐུ་རུ་མི་འཇུག་པར་བྱེད་དགོས།

  བཞི། མཛུབ་རིས་ཆ་འཕྲིན་ཐོ་འགོད་ནང་འཇུག་བྱས་པའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལ་མི་གཞན་གྱིས་རྫུས་སྤྱོད་བཀག་འགོག་གི་ནུས་པ་ལྡན་ལ། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་ཡིད་རྟོན་མ་ལག་གི་འཛུགས་སྐྲུན་ལའང་ཕན་པ་ཡིན། སྤྱི་དམངས་རང་རྟོགས་སྒོས་སྤྱི་བདེ་ལས་ཁུངས་སུ་སོང་ནས་མཛུས་རིས་ཆ་འཕྲིན་ཐོ་འགོད་བྱས་པའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་བརྗེ་ལེན་ལ་རེ་ཞུ་བྱས་ཆོག

  ལྔ། རྒྱལ་ཁབ་ཀྱི་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་དང་ལས་བཟོ་བས་ནན་ཏན་སྒོས་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཞིབ་བཤེར་འགན་འཁྲི་སྒྲུབ་པ་དང་མི་དང་ལག་ཁྱེར་གཉིས་ཀྱི་གཅིག་མཐུན་རང་བཞིན་གྱི་ཞིབ་བཤེར་འགན་འཁྲི་དོན་འཁྱོལ་ཡོང་བར་བྱེད་དགོས། བྱ་བའི་འོས་འགན་གཙོ་བོ་ཁྲིམས་ལྟར་ལག་བསྟར་མ་བྱས་པ་ལ་རྐྱེན་བྱས་ནས་མཐར་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་པར་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་འགན་ཁུར་རྩད་གཅོད་བྱ་རྒྱུ། སྤྱི་དམངས་ཀྱིས་རང་རྟོགས་སྒོས་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཞིབ་བཤེར་བྱ་བར་རམས་འདེགས་བྱས་ནས་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་བྱེད་དགོས།

  དྲུག རྒྱལ་ཁབ་ཀྱི་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བཟོ་བས་བྱས་བའི་ལས་འགན་འཁྲི་སྒྲུབ་པའམ་ཞབས་ཞུ་བྱེད་པའི་གོ་རིམ་ཁྲོད་སྐབས་ཐོག་ཏུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་མི་དང་ལག་ཁྱེར་གཉིས་ཀྱི་གཅིག་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་དགོས་པ་ལས་རང་འདོད་ལྟར་སྡོད་དམངས་ཐོབ་ཐང་ལག་ཁྱེར་སྟེང་བཀོད་པའི་མི་སྒེར་གྱི་ཆ་འཕྲིན་ཟིན་ཐོ་རུ་འགོད་མི་ཆོག

  བདུན། རྒྱལ་ཁབ་ཀྱི་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་དང་ལས་བཟོ་བས་རང་འདོད་ལྟར་སྡོད་དམངས་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་དང་བཤར་ཕབ་བརྒྱབ་མི་ཆོག་ལ་སྡོད་དམངས་ཐོབ་ཐང་ལག་ཁྱེར་བཙན་ཉར་དང་གཏའ་འཇོག་ཀྱང་བྱས་མི་ཆོག སྤྱི་དམངས་ཀྱིས་མཐའ་གཅིག་ཏུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་དང་བཤར་དཔར་རྒྱག་པའམ་ཡང་ན་བཙན་ཉར་བྱེད་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས།

  བརྒྱད། རྒྱལ་ཁབ་ཀྱི་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། བྱ་བའི་ལས་འགན་འཁྲི་སྒྲུབ་པའམ་ཞབས་ཞུ་བྱེད་པའི་གོ་རིམ་ཁྲོད་ཐོ་འགོད་བྱས་པའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་མི་སྒེར་ཆ་འཕྲིན་ལ་གསང་རྒྱ་དམ་པོ་བྱེད་དགོས། ལས་ཁུངས་ནང་ཁུལ་གྱིས་འཛུགས་གཉེར་བྱས་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཉར་ཚགས་མ་ལག་ལ་འདྲི་རྩད་དབང་ཚད་བཟོས་ནས་རྒྱུས་ཡོད་ཁྱབ་ཁོངས་ལ་སྟངས་འཛིན་ནན་མོ་བྱེད་དགོས། ལག་རྩལ་གྱི་འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་ཆ་འཕྲིན་ཕྱིར་ཤོར་དང་ཡང་ན་རྐུ་ཤུབ་འབྱུང་བར་བཀག་སྡོམ་ནན་མོ་བྱ་རྒྱུ།

  དགུ། རྒྱལ་ཁབ་ཀྱི་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིད་རྟོན་ངན་པའི་ཟིན་ཐོ་ཡོད་མཁན་གྱི“ལྐོག་བཀོད་མིང་ཐོའམ་མིང་ཐོ་ནག་པོ”འི་ལམ་ལུགས་བཙུགས་ནས་མི་གཞན་གྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱེད་མཁན་དག་ཡིད་རྟོན་ངན་པའི་ཟིན་ཐོ་སྟེ་“ལྐོག་བཀོད་མིང་ཐོ”འི་གྲས་སུ་འཇུག་དགོས་པར་མ་ཟད། ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་ཕྱེས་ནས་བྱ་བའི་འགན་འཁྲི་སྒྲུབ་པའམ་ཞབས་ཞུ་བྱེད་པའི་གོ་རིམ་ཁྲོད་དགོས་ངེས་ཀྱི་ཚོད་འཛིན་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་ཁྲིམས་བཅད་བསླབ་འདོམས་ཀྱི་ལམ་སྲོལ་དོན་འཁྱོལ་དང་དར་སྤེལ་གཏོང་དགོས།

  བཅུ། རྒྱ་ཆེའི་མང་ཚོས་ཀྱིས་ཧུར་ཐག་སྒོས་སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་རྫུན་བཟོ་དང་བཟོ་བཅོས། ཉོ་འཚོང་། རྫུས་སྤྱོད་བཅས་བྱེད་པ་དང་། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་དང་རྐུ་བ། ཉོ་འཚོང་། རྫུས་སྤྱོད་བཅས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་བྱས་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བར་དགའ་བསུ་བྱ་རྒྱུ།

  སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

  ཉིས་སྟོང་དྲུག་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།