ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆ།༡

མཚོ་སྤེལ〔2017〕ཡིག་ཨང1པ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར།

(2017ལོའི་ཟླ1པོའི་ཚེས23ཉིན།)

2016ལོར་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ནང་སྒོས་སུ་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དམ་པོར་དམིགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཐོག འདོན་སྤྲོད་ཁག་ཐེག་དང་ཡོང་སྒོ་ཁག་ཐེག  སྐྱེ་ཁམས་ཁག་ཐེག་བཅས་བྱེད་པ་སྤྱིའི་ལས་འགན་དུ་བརྩིས་པ་དང་། ལེགས་བསྡུས་ཅན་དང་སྐྱེ་ལྡན་ཅན། ཚོང་རྟགས་ཅན་བཅས་ཁ་ཕྱོགས་བྱས་ཏེ། སྒྲིག་གཞི་ལེགས་སྒྲིག་དང་བྱེད་སྟངས་བསྒྱུར་བ། བཅོས་སྒྱུར་ལ་སྐུལ་འདེད། རྨང་གཞི་བརྟན་བཟོ། མི་འདང་ས་ཁ་གསབ་བཅས་བྱས་ནས་ཞིང་ཕྱུགས་ལས་བདག་གཉེར་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་གང་ཡོད་བཏོན་པ་དང་། ཞིང་ཕྱུགས་ལས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་དང་ཞིང་ཕྱུགས་ལས་ཀྱི་འཕར་སྣེ་གསར་པ་སྐྱེད་སྲིང་། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་ལག་བསྟར་བྱེད་པ་བཅས་ལ་ཤུགས་གང་ཡོད་བཏོན་པས། རོང་འབྲོག་ཁུལ་གྱི་དཔལ་འབྱོར་བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང5%ཡན་འཕར་ལ། རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་ཡོང་སྒོ9%ཡན་འཕར་བ་དང་བསྟུད་མར་ལོ7རིངGDPཡི་འཕར་ཚད་ལས་མཐོ་བས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པར”མགོ་ལེགས་པོ་ཞིག་བརྩམས་པ་རེད།

དེང་སྐབས་རང་ཞིང་གི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་བསླེབས་ཏེ། ཞིང་ཕྱུགས་ལས་ཐོན་རྫས་ཁ་ཤས་ཀྱི་མཁོ་འདོན་སྒྲིག་གཞི་དོ་མི་མཉམ་པ་དང་གྲུབ་ཆའི་སྡེབ་སྒྲིག་ལུགས་དང་མི་མཐུན་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཇེ་ཆེར་འགྲོ་བ་སོགས་ཀྱི་གནད་དོན་དང་། མ་རྩ་ཇེ་མཐོ་དང་རིན་གོང་ཇེ་དམའ། གཞི་ཁྱོན་ཇེ་ཆུང་དང་རྒྱུ་སྤུས་ཞན་པ། ཐོན་སྐྱེད་ཆུང་བ་དང་ཚོང་ར་ཆེན་པོ་བར་གྱི་མཐུད་འབྲེལ་མི་དམ་པ། ཐོན་ལས་མཉམ་འདྲེས་དང་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བ་མི་འདང་བ། ཕན་འབྲས་དང་ཡོང་སྒོ་སྤར་བའི་དཀའ་ཚད་ཇེ་ཆེ་ཡིན་པ་སོགས་ཀྱི་འགལ་བར་འཕྲད་ཡོད། དེའི་ཕྱིར་ངེས་པར་དུ་དཀའ་གནད་དང་འགྲན་སློང་ལ་གདོང་གཏོད་པ་དང་། གནས་བབ་གསར་པའི་བླང་བྱ་གསར་པར་བསྟུན་ནས་ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བྱེད་པ་དང་། གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་བ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པ་དེ་ཤུགས་འདོན་ཕྱོགས་གཙོ་བོར་བརྩིས་ཏེ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་དང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག  བདག་གཉེར་མ་ལག་བཅས་ལེགས་སྒྱུར། ཞིང་ས་ལས་ཐོན་ཚད་དང་ཐོན་ཁུངས་བེད་སྤྱོད་ཚད། ངལ་རྩོལ་གྱིས་ཐོན་སྐྱེད་ཚད་བཅས་ཇེ་མང་དུ་གཏོང་བ་དང་། ཞིང་ཕྱུགས་ལས་ཐད་ནས་བསྟུད་མར་ལྗང་མདོག་སྐྱེ་ཁམས་ཀྱི་ཕྱོགས་སུ་སྙེག་པ་དང་སྤུས་ཀའི་དགོས་མཁོ་བསྐང་བར་སྔར་ལས་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱ་དགོས།

2017ལོའི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་དང་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་ཟབ་མོ་བྱེད་ཅིང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང“བསྒྱུར་བཅོས་བཞི”ཇེ་མགྱོགས་སུ་གཏོང་བ། ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པ་དང། ཞིང་ཕྱུགས་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་སྤར་བ། རོང་འབྲོག་པ་ལས་ཀར་སྤྲོ་ཞིང་ཡོང་སྒོ་སྤར་བ། རོང་འབྲོག་ཁུལ་ལྗང་མདོག་འཕེལ་རྒྱས་འབྱུང་བ་བཅས་ལ་དམིགས་ནས། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། ཞིང་ཕྱུགས་ལས་གཉེར་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་བའི་རྐྱེན་སྲོལ་གསར་བཟོ་བཅས་བྱས་ཏེ། ཐོན་སྐྱེད་ཀྱི་ཕན་འབྲས་མཐོ་ཞིང་ལྷད་མེད་སྤུས་ལེགས་ཡིན་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཛའ་མཐུན་གྱི་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་རིན་ཐང5%ཡན་དང་རོང་འབྲོག་ཁུལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ9%ཡན་འཕར་བར་བྱ་དགོས།

    གཅིག སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་ཞིང་ཕྱུགས་ལས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་མུ་མཐུད་དུ་ལེགས་སྒྱུར་བྱ་དགོས།

ཐོན་རྫས་ཀྱི་ཐོན་ལས་སྒྲིག་གཞིས་འདོན་སྤྲོད་སྒྲིག་གཞི་ཐག་གཅོད་བྱེད་པས། ངེས་པར་ཞིང་ཆེན་ཕྱི་ནང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་འདོན་བྱེད་སྟངས་ལ་དམིགས་པ་དང་། ཚོང་རའི་དགོས་མཁོ་ཕྱོགས་སྟོན་དུ་བརྩི་བ། ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་པ་དང་ཐོན་ནུས་འཕར་བར་བྱེད་པ། ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་སྤུས་ཀ་མཐོར་འདེགས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་སྒྲིག་སྦྱོར་བྱ་དགོས།

     1.ཞིང་ཕྱུགས་ལས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱ་དགོས། “ཁུལ་གསུམ་རྒྱུད་གཅིག”གི་སྒྲིག་གཞི་འཛུགས་གང་ཐུབ་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་གཙོ་བོ་ཡིན་པའི་ཤར་རྒྱུད་ཀྱི་ཁྱད་ལྡན་འདེབས་གསོ་ཕན་མཐོ་དཔེ་སྟོན་ཁུལ་དང་། མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ་བཅས་ཁུལ་གསུམ་གཙོ་བོ་ཡིན་པའི་མཚོ་སྐོར་ཞིང་ཕྱུགས་འདྲེས་ནས་འཁོར་རྒྱུག་བྱེད་པའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་ཁུལ་གསུམ་གཙོ་བོ་ཡིན་པའི་མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ་དང། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་འོས་འཚམ་སྒོས་གསར་སྤེལ་བྱེད་པའི་མུ་རྒྱུད་བཅས་བསྐྲུན་གང་ཐུབ་བྱ་དགོས། ཁྱབ་ཁོངས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་སྔར་ལས་འབུར་དུ་ཐོན་པར་བྱས་ཏེ། གཙོ་བོ་ཞོག་ཁོག་དང་ལོག་དཀར། ནས། རྒྱ་སྲན། སིལ་ཏོག་དང་སྔོ་ཚོད། སྐམས་ལུག་ཤ  བཞོན་མ། ཆུ་འཁྱགས་ནང་གསོས་པའི་ཉ་དང་གཟན་རྩྭ་བཅས་ཁྱད་ལྡན་ཐོན་ལས་མུ་རྒྱུད་བཅུ་གཙོ་གནད་དུ་བཞག་ནས་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ལྡན་དང་ལྗང་མདོག སྤྱི་གནོད་མེད་པའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱ་དགོས། ས་གནས་སོ་སོས་ལྡུམ་རའི་ལག་རྩལ་གྱི་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུའི་ཐོན་རྫས། ནགས་ཐོན་ཁྱད་ལྡན་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་ལྡན་པའི་ཁུལ་གསར་སྐྲུན་བྱེད་པར་སྐུལ་མ་གཏང་དགོས། འབྲུ་རིགས་དཀྱུས་མ་དང་སྲན་མ་དཀྱུས་མ། སྔོ་ཚོད་དང་སིལ་ཏོག མེ་ཏོག་དང་སྡོང་ཕྲུག བཟའ་བྱའི་ཤ་མོ། རྒྱ་ལུགས་སྨན་རྫས་དང་ཁྱད་ལྡན་གསོ་སྤེལ་སོགས་ཐོན་ལས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དང་རྫས་སྣ་རིགས་ཆུང་བ་དེ་རོང་འབྲོག་པའི་ཡོང་སྒོ་འཕར་བར་ཡར་སྐུལ་བྱེད་པའི་ཐོན་ལས་ཆེན་པོར་བཟོ་དགོས།

     2.འདེབས་གསོ་སྒྲིག་གཞི་གཅིག་གྱུར་འཆར་འགོད་ཀྱིས་ལེགས་སྒྱུར་བྱ་དགོས། འབྲུ་སྣུམ་འདེབས་འཛུགས་དང་ཕྱུགས་བྱ་གསོ་སྤེལ། སིལ་ཏོག་དང་སྔོ་ཚོད། འདྲེ་ཚེར་མ་དང་སྟར་བུ་བཅས“སྒོར་དུང་ཕྱུར་བརྒྱ”ཡི་ཐོན་ལས4པོ་བསྐྲུན་གང་ཐུབ་བྱ་དགོས། “འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག  གཟན་རྩྭ”བཅས་སྣེ་གསུམ་སྒྲིག་གཞི་བརྟན་བརླིང་ཡོང་བར་བྱས་ཏེ། གསོ་བའི་ཆེད་དུ་འདེབས་པ་དང་འདེབས་གསོ་ཟུང་འབྲེལ་བྱ་དགོས། འདེབས་འཛུགས་ལས་རིགས་ཐད་ནས་ལོག་དཀར་དང་ཞོག་ཁོག་ཐོན་སྐྱེད་བརྟན་བརླིང་ཡོང་བར་བྱེད་པ་དང། འབྲུ་རིགས་དང་གཟན་རྩྭ་གཉིས་སྤྱོད་ཅན་གྱི་ནས་དང་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་ཚད་འོས་འཚམ་གྱིས་ཇེ་མང་དུ་གཏོང་བ། རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང། རྨ་ཆུའི་འབབ་རྒྱུད་དང་མཚོ་ནུབ་སོགས་ས་ཁུལ་གྱི་སྔོ་ཚོད་རྟེན་གཞིའི་ཐོན་ནུས་མཐོར་འདེགས་བྱས་ཏེ། “ཚོད་སླེ”ཡི་ལས་གྲྭ་སྐྲུན་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཁྱད་ལྡན་སིལ་ཏོག་རིགས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པ་དང་། ཚྭ་འདམ་གཞོང་གི་འདྲེ་ཚེར་མ་སོགས་རྒྱ་བོད་སྨན་རྫས་གསར་སྤེལ་གཏིང་ཟབ་བྱ་དགོས། ཕྱུགས་ལས་ཀྱི་ཐད་ནས་གཞི་ཁྱོན་ཅན་གྱི་བདག་གཉེར་དང་ཚད་གཞི་ཅན་གྱི་གསོ་སྤེལ། ལྗང་མདོག་ཅན་གྱི་འཕེལ་རྒྱས། ཞིབ་གཉེར་ཅན་གྱི་དོ་དམ་བཅས་ཕྱོགས་སྟོན་དུ་བརྩིས་ཏེ། འབྲོག་ཁུལ་དུ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ་དང་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་པ་གཙོ་གནད་དུ་བཞག་སྟེ། རྩྭ་གཟན་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་གཏང་དགོས། ཞིང་ལས་ཁུལ་དུ་ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་གཙོ་གནད་དུ་བཞག་སྟེ། “བསྐྱུར་བ་གསུམ་དང་སྐུལ་སྤེལ་གསུམ། ཟུང་འབྲེལ་གསུམ”ལ་སྐུལ་འདེད་བཏང་སྟེ། བྱ་སྒོང་དང་ཕག་ཐོན་སྐྱེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཟན་རྩྭ་ཇེ་མང་དང་གཟན་ཆས་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། བཤའ་བྱའི་སྐམས་ལུག་རང་སྤེལ་རང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། བཞོན་མ་རྒྱུད་བཟང་ཅན་དུ་བསྒྱུར་བའི་བསྡུར་ཚད་མཐོར་འདེགས་དང་དམིགས་བསལ་གསོ་སྤེལ་འོས་འཚམ་གྱིས་འཕེལ་རྒྱས་སུ་གཏང་དགོས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་འོས་འཚམ་སྒོས་གསར་སྤེལ་བྱེད་པའི་མུ་རྒྱུད་སྐྲུན་པ་དང་། ཆུ་འཁྱགས་ནང་གི་ཉ་བདེ་ཐང་ངང་གསོ་སྤེལ་བྱེད་པའི་རྟེན་གཞིར་རོགས་སྐྱོར་དང་ཇེ་རྒྱས་སུ་གཏང་དགོས། ཞིང་ཕྱུགས་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་བྱེད་པའི་འདེབས་འཛུགས་སྒྲིག་གཞི་ཆགས་པར་བྱས་ཏེ། འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

     3.བདག་གཉེར་བྱེད་མཁན་གསར་པ་སྐྱེད་སྲིང་བྱ་དགོས། ལས་རིགས་གསར་པའི་རོང་འབྲོག་པ་སྐྱེད་སྲིང་དང་ཞིང་པ་ལས་བཟོ་པའི་ལས་རིགས་རྩལ་ནུས་མཐོར་འདེགས་བྱེད་པར་དམིགས་ནས། ཐབས་ལམ་སོ་སོའི་གསོ་སྦྱོང་མ་དངུལ་གྱི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་རམ་འདེགས། གཅིག་གྱུར་བཀོད་སྒྲིག ཐོན་ལས་ཀྱིས་སྐུལ་ཁྲིད་བྱེད་པ་བཅས་ཀྱི་གསོ་སྦྱོང་རྐྱེན་སྲོལ་འཛུགས་དགོས། ཞིང་ཕྱུགས་ལས་ཀྱི་ལས་ཞུགས་པའི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ཞིང་བདག་གསོ་སྦྱོང་འཆར་གཞི་དང་ཞིང་ཕྱུགས་ལས་བདག་གཉེར་མཁན་གསར་པའི་སྣེ་ཁྲིད་པ་རེས་སྐོར་གསོ་སྦྱོང་གི་འཆར་གཞི་འགོད་པར་སྐུལ་སྤེལ་གཏིང་ཟབ་བྱ་དགོས། ཞིང་ཕྱུགས་ལས་ལས་རིགས་བདག་གཉེར་དོ་དམ་མཁན་འཚོལ་ཞིབ་སྐྱེད་སྲིང་དང་། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཞིང་པ་གསར་པ་སྐྱེད་སྲིང་བྱ་དགོས། ཆེད་ལས་འཇོན་མི་སྐོར་ཞིག་གསོ་སྐྱོང་དང་ཞིང་སྡེའི་ལག་བཟོ་པ་སྐོར་ཞིག་ལ་རོགས་སྐྱོར་བྱ་དགོས། བདག་གཉེར་མཁན་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། འདེབས་གསོ་ཁྱིམ་ཆེན། ཞིང་ཕྱུགས་ལས་ཀྱི་སྣེ་ཁྲིད་ཁེ་ལས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཆགས་པའི་གཏན་འཇགས་རྒྱུ་ནོར་དེ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་སྤྲད་དེ་བདག་འཛིན་དོ་དམ་བྱེད་དུ་འཇུག་པའི་སྲིད་ཇུས་དངོས་འབེབས་བྱ་དགོས། བདག་གཉེར་མཁན་གསར་པས་ཞིང་ཕྱུགས་ལས་ལ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བསྒྲུབ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་། ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་སྡེ་དཔོན་སློབ་ཆེན་པ། གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣ་བཅས་ཀྱིས་རོང་འབྲོག་པའི་མཉམ་ལས་ཁང་སྣེ་ཁྲིད་དེ་འཛུགས་པ་དང་ཡང་ན་གསར་དུ་འཛུགས་པར་སྐུལ་བསྟོད་བྱ་དགོས་ཤིང་། དཔེ་སྟོན་ཁེ་ལས་དང་དཔེ་སྟོན་མཉམ་ལས་ཁང་། དཔེ་སྟོན་ཁྱིམ་ཚང་བཅས་ཀྱི་ཞིང་ཕྱུགས་ར་གསར་འཛུགས་བྱ་འགུལ་ཤུགས་ཆེན་པོས་སྤེལ་དགོས།

      4.ཞིང་ཕྱུགས་ལས་ཀྱི་སྤུས་ཀ་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏང་དགོས། ཞིང་ལས་ཚད་གཞི་ཅན་གྱི་འཐབ་ཇུས་ལག་བསྟར་བྱ་དགོས། སིལ་ཏོག་དང་སྔོ་ཚོད་ཐོན་སྐྱེད་ར་བ་དང་ཕྱུགས་བྱ་ཆུ་ཐོན་གསོ་སྤེལ་ར་བ། གནས་ངེས་གཏན་གྱི་བཤས་ར། འོ་མའི་ས་ཚིགས། ཁྱད་ལྡན་ནགས་ཐོན་སིལ་ཏོག་ཐོན་རྫས་སོགས་ཐོན་སྐྱེད་ཁེ་ལས་དང་རོང་འབྲོག་པའི་མཉམ་ལས་ཁང་དང་དམ་དུ་སྦྲེལ་ནས། ཞིང་ཕྱུགས་ལས་ཚད་གཞི་ཅན་དུ་ཐོན་སྐྱེད་ལ་སྐུལ་སྤེལ་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་། ལྟ་བཤེར་ནུས་པའི་འཛུགས་སྐྲུན་ཐད་ཤུགས་སྣོན་པ། ཞིང་ཕྱུགས་ལས་ཐད་གཏོང་བའི་རྒྱུ་རྫས་ཀྱི་ཐོན་ཁུངས་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། སྲོག་ཆགས་དང་སྐྱེ་དངོས་ལ་ནད་འབུས་གནོད་འཚེ་ཐེབས་པར་ཆེད་ལས་ལྟར་གཅིག་གྱུར་གྱིས་འགོག་བཅོས་བྱ་བ་ཇེ་དྲག་ཏུ་གཏང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་རྫོང་གསར་འཛུགས་བྱ་འགུལ་སྤེལ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ཁུངས་འདེད་བྱེད་པའི་སྟེགས་བུ་བཙུགས་ཏེ། གྲོང་ཁྱེར་དང་ཁུལ་གྱི་ཤ་དང་སྔོ་ཚོད་འཁོར་རྒྱུག་ཁུངས་འདེད་མ་ལག་དང་སྦྲེལ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ཐད་ནས་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་དགོས། ཕྱུགས་བྱ་བདེ་ཐང་སྒོས་གསོ་སྤེལ་བྱེད་སྟངས་ཁྱབ་གདལ་དུ་གཏོང་བ་དང་། བཙན་ཐབས་ཀྱིས་རིམས་འགོག་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པ། རིམས་འགོག་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་ཅིང། འཕྲལ་བསྟུན་ཐག་གཅོད་དང་གནོད་མེད་ཅན་དུ་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།

     5.དེང་རབས་ཞིང་ཕྱུགས་ལས་ར་བ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱ་དགོས། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཞིང་ལས་ཚན་རྩལ་ར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་ཆེན་པོ་སྣོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཞིང་ཕྱུགས་ལས་ཚན་རྩལ་གྲུབ་འབྲས་ནང་འདྲེན་དང་གཅིག་བསྡུས། ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སྔོན་ཐོན་དང་གསར་སྐྲུན་ཧུར་པོ། བསྐྱར་དཔར་དང་ཁྱབ་གདལ་གཏང་ཆོག་པའི་དཔེར་འོས་མཚོན་དཔེ་གསར་དུ་བསྐྲུན་ནས། ཐོན་ལས་ཁྱབ་ཚུལ་ལུགས་དང་མཐུན་ཞིང་རྩ་འཛུགས་བྱེད་སྟངས་སྔོན་ཐོན་ཡིན་པ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་ནུས་མཐོ་བ། མཁོ་འདོན་འགན་སྲུང་བདེ་འཇགས་ཡིན་པ། ཕྱོགས་བསྡུས་ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་ས་ཁོངས་རང་བཞིན་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ས་ཁུལ་ཆགས་སུ་བཅུག་སྟེ། ཞིང་ལས་ར་བ་སྣ་ཚོགས་ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་པ་དང་རིགས་སྣ་གསར་པ། དཔེ་དབྱིབས་གསར་པ་བཅས་ནང་འདྲེན་དང་འགྲེམ་སྟོན་ཁྱབ་གདལ་གཏོང་བའི་རྟེན་གཞི་དང་ཤེས་རིག་ཞིང་ལས། གནད་ཁེལ་ཞིང་ལས་དཔེ་སྟོན་རྟེན་གཞི་རུ་འགྱུར་དུ་འཇུག་དགོས། ཕྱུགས་ལས་དཔེ་སྟོན་ར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། ས་རྒོད་གསར་སྦོལ་ཁེ་ལས་ཀྱི་སྣེ་ཁྲིད་དེ་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་དུ་བསྒྱུར་དགོས། སྣེ་ཁྲིད་ཁེ་ལས་དང་ཚན་ཞིབ་ལས་ཁུངས་ཀྱིས་འཁོར་སྐྱོད་ཚོང་གཉེར་ཐོན་ལས་ར་བ་འདྲེན་འགུག་བྱེད་པར་སྐུལ་མ་གཏོང་བ་དང་། སྒྲིག་བཀོད་ཞིང་ཕྱུགས་ལས་དང་གནད་ཁེལ་ཞིང་ཕྱུགས་ལས། ལས་སྣོན་ཞིབ་མོ་བྱེད་པ་དང་དེང་རབས་ཚོང་གཉེར་བཅས་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཕྱུགས་ལས་བདག་གཉེར་མཁན་གསར་པ་དང་རོང་འབྲོག་ཁྱིམ་ཚང་གིས་ཆེད་ལས་ཅན་དང་ཚད་གཞི་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་ཐོན་སྐྱེད་བྱེད་པར་སྐུལ་ཁྲིད་དང་། ཞིང་ཕྱུགས་ལས་ཀྱི་ལྷུ་ཚིགས་སོ་སོའི་རིམ་པ་སྤར་བ་དང་མུ་འབྲེལ་ཧྲིལ་པོའི་རིན་ཐང་འཕར་བར་སྐུལ་འདེད་གཏང་དགོས། འཐུས་ཚབ་རང་བཞིན་དྲག་པ་དང་རིགས་སྣ་མང་བ། ཐབས་ལམ་གསལ་པོ་ཡིན་པའི་འཛུགས་སྐྲུན་བྱེད་སྟངས་སྐོར་ཞིག་ཆགས་སུ་བཅུག་སྟེ་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་དགོས།