ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆ།༢

གཉིས། ལྗང་མདོག་གནོད་མེད་ངང་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།

སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ཐག་གཅད་དགོས་པའི་གནད་དོན་འབུར་ཐོན་ཅན་ཞིག་ཡིན་པས། ངེས་པར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་ལེན་ནན་མོ་དང་། སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྔར་ལས་དོ་སྣང་། གོ་རིམ་ཡོད་པའི་སྒོ་ནས་ཐོན་ཁུངས་བེད་སྤྱོད་དང་ནུས་ཡོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། ཞིང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏང་དགོས།

6.སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གྲྭ་ཆེན་པོ་འཛུགས་པར་སྐུལ་འདེད་གཏང་དགོས། རི་ཆུ་རྩྭ་ནགས་དང་ཞིང་མཚེའུ་སོགས་རང་བྱུང་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་བསྣན་དགོས། “སྐྱེ་ཁམས་ཁུལ་ཆེན་པོ་ལྔ”གཙོ་བོར་བཟུང་སྟེ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་དང་། ཚྭ་འདམ་གཞོང་དང་མཚོ་སྔོན་པོ། རྨ་ཙོང་འབབ་རྒྱུད་ས་ཁུལ་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏང་དགོས། རང་བྱུང་ནགས་སྲུང་སྐྱོབ་དང་འགོག་སྲུང་ནགས་ཀྱི་མ་ལག་འཛུགས་སྐྲུན། ཕྱུགས་བསྐྱུར་རྩྭ་སྐྱོང་། རྨོ་བསྐྱུར་ནགས་སྐྱོང(རྩྭ་སྐྱོང)། ས་ཆུ་སྲུང་འཛིན། བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་ཀྱི་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱས་ཏེ། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་དང་རྩྭ་ས་ཉམས་ཞན་དུ་གྱུར་བ་བཅོས་སྐྱོང་། ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བཅས་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏང་དགོས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་དང་ཉམས་གསོ་བྱེད་ནུས་ཇེ་མཐོར་གཏང་དགོས། ཁྱབ་ཁོངས་གཙོ་བོ་དང་རི་ཞིང་། གྲོག་ཤུར་སོགས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱ་བར་མྱུར་དུ་སྐུལ་འདེད་གཏང་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏང་དགོས། ཟི་ལིང་དང་ཡུས་ཧྲུའུ། མཚོ་བྱང་སོགས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཙོང་ཆུ་སོགས་ཀྱི་འབབ་རྒྱུད་དང་བཞུར་ཁོངས་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དམ་འཛིན་བྱ་དགོས།

7.སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་སྤྱི་ཕན་ནགས་ཀྱི་སྐྱེ་ཁམས་ཕན་ནུས་ཁ་གསབ། ན་ཐང་གི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་སོགས་འཐུས་ཚང་དུ་གཏང་དགོས། རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་དང་། རྩྭ་ཐང་དོ་དམ་བྱས་པ་བཟང་མིན་ལྟར་བྱ་དགའ་དང་ཁ་གསབ་སྟེར་བ་ཁྱབ་གདལ་དུ་གཏོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་རྩྭའི་ཕྱུགས་ལས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། འདེབས་གསོ་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་ཁ་གསབ་བྱ་དགའ་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ཁེ་ཕན་རྐྱེན་སྲོལ་ལ་བརྟེན་ནས་ཕྱུགས་འགོག་པ་དང་གནས་སྐབས་སུ་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་རེས་མོས་ཀྱིས་འཚོ་བ་དང་གཞན་ད་རུང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དངོས་འབེབས་ཡོང་བར་སྐུལ་འདེད་བཏང་ནས། རྩྭ་ལ་བལྟས་ནས་ཕྱུགས་གྲངས་གཏན་ཁེལ་དང་ཕྱུགས་ཟོག་ཉུང་འཕྲི་བྱེད་པ་མངོན་འགྱུར་བྱ་དགོས། ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་། ལག་གསོ་དང་འཚོ་ཞོར་གསོ་ཞོར་བྱེད་ཐབས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། རང་བྱུང་རྩྭ་རའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་ལས་གྲྭ་ལག་བསྟར་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། རེས་སྐོར་སྔོན་མའི་རྨོ་བསྐྱུར་ནགས་སྐྱོང་གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་ཡུན་ལོངས་རྗེས། ཆ་རྐྱེན་དང་མཐུན་པའི་རྨོ་བསྐྱུར་བའི་སྐྱེ་ཁམས་ནགས་ཚལ་རྣམས་ནགས་ཚལ་གྱི་སྐྱེ་ཁམས་ཕན་ནུས་ལ་ཁ་གསབ་སྟེར་བའི་ཁྱབ་ཁོངས་ནང་འཇོག་དགོས། ནགས་ལས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ན་ཐང་གི་སྐྱེ་ཁམས་ཕན་ནུས་ཁ་གསབ་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས།

8.ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་དང་ཁྲིམས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། རྩྭ་ཐང་དང་ཞིང་ས་སོགས་ཀྱི་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་གྱི་འགན་འཁྲི་རྩད་གཅོད་པར་ཤུགས་བསྣན་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱ་དགོས། རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། རྩྭ་ཐང་གི་བཅའ་ཁྲིམས་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་དོ་དམ་མཁན་གྱི་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལྟ་སྐུལ་དཔྱད་ཞིབ་ཇེ་དྲག་ཏུ་བཏང་ནས། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོས་བཀོལ་སྤྱོད་དང་ཆུའི་ཐོན་ཁུངས་དོ་དམ། ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། བྱས་འབྲས་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་པར་ཤུགས་བསྣན་དགོས།

9.ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་ཚད་ཇེ་མགྱོགས་སུ་གཏང་དགོས། རྫས་ལུད་དང་ཞིང་སྨན་ཇེ་མང་དུ་མི་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པར་ཚོད་ལྟ་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ལས་ཀྱི་ཕྱོགས་ཀྱི་སྦགས་བཙོག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས། རྨོ་ཞིང་རེས་མོས་ཀྱིས་འདེབས་པ་དང་ལོག་མར་བསྐྱུར་བར་ཚོད་ལྟ་དང་། ལུགས་མཐུན་སྒོས་ཁ་གསབ་ཚད་གཞི་གཏན་འཁེལ་བྱ་དགོས་ལ། བེད་མེད་འགྱིག་ཤོག་ཕྱིར་བསྡུ་ཤུགས་ཇེ་ཆེར་བཏང་ནས། ཞིང་སྤྱོད་བེད་མེད་འགྱིག་ཤོག་ཕྱིར་བསྡུ་ལས་སྣོན་བྱེད་སར་རོགས་སྐྱོར་བྱ་དགོས། སོག་མ་བསྡུ་བ་དང་ཉར་གསོག སྐྱེལ་འདྲེན་བཅས་བྱེད་པའི་མ་ལག་བཙུགས་ནས། སོག་མ་ཕྱིར་ཞིང་ནང་དུ་འཇོག་པ་སོགས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལས་གྲྭ་ལག་བསྟར་བྱེད་པ་དང་། སོག་མ་སྣ་མང་པོར་བེད་སྤྱོད་པར་ཁ་གསབ་སྟེར་བར་ཚོད་ལྟ་བྱ་དགོས། ཕྱུགས་ཟོག་དང་བྱ་རིགས་ཀྱི་རྟུག་པ་ཕྱོགས་བསྡུས་བེད་སྤྱོད་དང་། ནད་ཀྱིས་ཤི་བའི་ཕྱུགས་ཟོག་དང་བྱ་རིགས་གནོད་མེད་དུ་ཐག་གཅོད་པ་ནང་དོན་གཙོ་བོ་ཡིན་པའི་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་རྫོང་འཛུགས་སྐྲུན་བྱ་འགུལ་ཁྱབ་གདལ་དུ་གཏང་དགོས། རྫོང་ཡོངས་སུ་ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་རྫས་བེད་སྤྱོད་བྱེད་པའི་དཔེ་སྟོན་ལས་གྲྭ་ལག་བསྟར་བྱས་ནས། ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་རྫས་བེད་སྤྱོད་དང་གནོད་མེད་ཐག་གཅོད་བྱེད་པ་མངོན་འགྱུར་བྱ་དགོས།

10.སྡེ་བའི་ཁོར་ཡུག་ལེགས་བཅོས་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྫོང(གྲོང་ཁྱེར)ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་དང་ཡུལ་གྲོང་འཛུགས་སྐྲུན་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་བཟོ་དང་རྩ་འཛུགས་ལག་བསྟར་བྱ་དགོས། “བྱ་དགའ་བྱིན་ནས་སྐུལ་འདེད་གཏོང་བ”ཡི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། རོང་འབྲོག་པའི་ཉེན་ཡོད་ཁང་པ་དང་ཁང་རྙིང་བསྒྱུར་བཀོད་ལས་གྲྭ་ལག་བསྟར་བྱ་དགོས། ཡུལ་གྲོང་ལྗང་བསྒྱུར་ལས་གྲྭ་མུ་མཐུད་དུ་ལེགས་པར་བསྒྲུབ་པ་དང་སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་ནུས་ཁུངས་གསར་པའི་འགུལ་སྐྱོད་ལག་བསྟར། ཞིང་སྡེའི་གློག་ནུས་ཚབ་བྱེད་དང་འོད་ཧྥུ་གློག་འདོན་ལ་སྐུལ་འདེད་བཅས་བྱས་ཏེ། རིམ་གྱིས་ཞིང་སྡེའི་གློག་ནུས་དང་རླངས་འབར། གཙང་དག་ཅན་གྱི་རྡོ་སོལ་བཅས་ཀྱི་མཁོ་འདོན་རྒྱ་བསྐྱེད་དགོས། ལྷད་མ་འདྲེས་པའི་ཨར་ལས་རྒྱུ་ཆ་ཁྱབ་གདལ་དུ་བཏང་ནས་ནུས་གྲོན་ཅན་གྱི་ཞིང་པའི་ཁང་པ་འཛུགས་སྐྲུན་བྱ་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་ཇེ་མཐོར་གཏོང་བའི་ལས་གྲྭ་ཤུགས་ཆེན་པོས་དམ་འཛིན་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ཆུ་ཁུངས་དང་འབབ་རྒྱུད་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་དགོས། ཡུལ་གྲོང་གི་ཁོར་ཡུག་གཙང་སྦྲ་དང་ལེགས་བཅོས་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཀྱི་རིགས་བགོ་བ་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ། ཡོངས་ཁྱབ་ཀྱི་ཡུལ་གྲོང་གཙང་དག་བྱེད་པའི་ལམ་ལུགས་འཛུགས་པ། རོང་འབྲོག་ཁྱིམ་གྱི་སྤྱོད་ཁང་ཞིག་གསོ་བྱེད་པར་སྐུལ་འདེད་གཏོང་བ། གནོད་པ་མེད་པའི་སྤྱོད་ཁང་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས། རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱས་ནས་འཛུགས་དགོས། སྐྱེ་ཁམས་གཙང་དག་གི་འབབ་རྒྱུད་ཆུང་རིགས་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་བཏང་ནས། རོང་འབྲོག་ཁུལ་གྱི་ཆུ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཧུར་བརྩོན་གྱིས་སྐུལ་འདེད་གཏང་དགོས། ཞིང་སྡེའི་གཞུང་ལམ་དོ་དམ་དང་ཉམས་གསོ་བྱེད་པའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཏུ་བསྒྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་གཏང་དགོས། རེས་སྐོར་གསར་པའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤར་ལས་གྲྭ་ལག་བསྟར་བྱ་དགོས། འོད་འགྱེད་ཚི་སྐུད་སྡེ་བ་རུ་འཐེན་པར་སྐུལ་འདེད་བྱས་ཏེ། 4Gདྲ་བ་ཞིང་སྡེ་ཡོངས་སུ་ཁེབས་པ་མྱུར་དུ་མངོན་འགྱུར་བྱ་དགོས། སྒྲིག་གཞི་ཚང་བའི་སྡེ་བར་ཐད་ཀར་སྦྲག་སྲིད་ཐོན་པར་སྐུལ་འདེད་གཏང་དགོས། རིག་གནས་དམངས་ཕན་གཙོ་གནད་ལས་གཞི་གཅིག་གྱུར་སྒོས་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གསར་སྐྲུན་བྱེད་པ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། སྲོལ་རྒྱུན་སྡེ་བ་དང་རིག་གནས་སྡེ་བ་གྲགས་ཅན། རིག་གནས་གྲོང་རྡལ་གྲགས་ཅན་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་ཕྱུགས་ལས་ཀྱི་རིག་གནས་ཤུལ་བཞག་གལ་ཆེན་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། “མཐོ་སྒང་གི་མཛེས་པའི་ཡུལ་གྲོང”300བསྐྲུན་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་དཔེ་སྟོན་སྡེ་བ་གསར་སྐྲུན་བྱ་དགོས།

གསུམ། མཉམ་འདྲེས་ངང་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་རྒྱ་ཆེར་གསོ་སྐྱོང་བྱ་དགོས།

མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ལེགས་བཅོས་དང་ཞིང་ཕྱུགས་ལས་ཀྱི་བྱེད་ནུས་རྒྱ་སྐྱེད་པ། རོང་འབྲོག་པའི་ཡོང་སྒོ་ཐབས་ལམ་རྒྱ་སྐྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཞིང་ཕྱུགས་ལས་ཀྱི་བྱེད་ནུས་སྣ་མང་སྔོག་འདོན་ལེགས་པོ་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་མྱུར་དུ་བསྐྲུན་པ། ལས་སྐྲུན་དང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མུ་རྒྱུད་དང་རིན་ཐང་མུ་རྒྱུད་རྒྱ་སྐྱེད་པ་བཅས་བྱ་དགོས།

11.རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། “ཁུལ་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་དང་དམ་པོར་སྦྲེལ་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་རྒྱ་སྐྱེད་པ་དང་། ཐོན་ལས་དང་པོའི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཐོན་ལས་གཉིས་པར་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་འདོན་སྤྲོད་བྱེད་པར་འགན་སྲུང་དང། ཐོན་ལས་གསུམ་པའི་ལས་སྐྲུན་བྱེད་པར་འཕེལ་རྒྱས་ལ་སྙེག་ས་དང་ལས་ལ་བརྩོན་པའི་གོ་སྐབས་འདོན་སྤྲོད་བྱ་དགོས། ཞིང་སྡེའི་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་མཁན་སྣ་མང་ཤུགས་ཆེན་པོས་སྐྱེད་སྲིང་བྱས་ཏེ། གཙོ་བོ་རོང་འབྲོག་པའི་ཐོན་ལས་གཉིས་པ་དང་གསུམ་པའི་འཕར་རིན་དང་ཕན་ནུས་ལ་སྐུལ་ཁྲིད་བྱེད་ཐུབ་པའི་བདག་གཉེར་མཁན་གསར་པར་རྒྱབ་སྐྱོར་བྱ་དགོས། ཐོན་ལས་མཉམ་འདྲེས་ཚོད་ལྟའི་དཔེ་སྟོན་སྤེལ་ཏེ། རོང་འབྲོག་ཁུལ་གྱི་ཐོན་ལས་གཉིས་པ་དང་གསུམ་པ་རྫོང་མཁར་དང་། གཙོ་གནད་ཤང་དང་གྲོང་རྡལ། ཐོན་ལས་ར་བ་བཅས་ལ་འདུ་བར་སྣེ་ཁྲིད་དགོས། ཐོན་ལས་གསུམ་པོ་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་མང་པོ་འཚོལ་ཞིབ་བྱ་དགོས། ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་ལ་དམིགས་ཏེ་གཙོ་བོ་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་སྐོར་ཞིག་སྐྱེད་སྲིང་དང་། ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་དམ་པོ་བཙུགས་ནས་རོང་འབྲོག་པ་རྣམས་ལ་རིན་འཕར་གྱི་ཁེ་ཕན་ལོངས་སྤྱོད་དུ་འཇུག་དགོས།

12.ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་ལས་མྱུར་དུ་འཕེལ་བར་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་ཁེ་ལས་དེ་ཐོན་ཁུལ་གཙོ་བོ་དང་ཁྱད་སྟོབས་ལྡན་པའི་ཐོན་ཁུལ། ཐོན་ལས་ར་བ་བཅས་སུ་འདུ་བར་སྣེ་ཁྲིད་དེ། ཁྱད་སྟོབས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཐོན་ཁུལ་དུ་ལས་སྣོན་ཐོན་ལས་ཁྱུ་ཚོགས་འཛུགས་དགོས། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་ནས། སྐམས་ལུག་གི་ཤ་གསིལ་བའི་ཚད་གཞི་མྱུར་དུ་གཏན་འབེབས་བྱེད་པ་དང་། ཚན་རྩལ་གྱི་འདུས་ཚད་དང་རང་བདག་གསར་སྐྲུན་གྱི་ནུས་པ་བསྟུད་མར་ཇེ་མཐོར་བཏང་ནས། མྱུར་དུ་འཕེལ་སྟངས་བསྒྱུར་བ་དང་རིམ་པ་ཇེ་མཐོར་གཏང་དགོས། གསར་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་མོ། ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱས་ནས་གཞན་བསྒྱུར་གྱི་ཚད་དང་ཟུར་བསྣན་རིན་ཐང་ཇེ་མཐོར་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་ཁུངས་བཙུགས་ཏེ། ཁྱད་སྟོབས་ལྡན་པའི་ཐོན་ལས་ཁྱད་ཆོས་ཅན་ལ་བརྟེན་ནས་ཚོང་རར་འཚམ་ཞིང་བྲིན་པའི་ཐོན་རྫས་གསར་པ་གསར་སྤེལ་བྱེད་པར་སྐུལ་མ་གཏང་དགོས། ཐོན་རྫས་སྒྲིག་གཞི་བསྟུད་མར་ལེགས་སྒྲིག་བྱས་ཏེ་ཚོང་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བསམ་འཆར་གཏན་འབེབ་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རོང་འབྲོག་པའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་རས་ཐོན་ཡུལ་དུ་ཐོག་མའི་ལས་སྣོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཐོན་ཡུལ་གྱི་མཛོད་ཉར་དང་གསོས་ཉར། རིམ་པ་དགར་བ། ཕྱི་ཐུམ་རྒྱག་པ། སྐྱེལ་འཚོང་བཅས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

13.སྤྲོ་གསེང་ཞིང་ཕྱུགས་ལས་དང་ཞིང་གྲོང་གི་ཡུལ་སྐོར་འཕེལ་རྒྱས་སུ་གཏང་དགོས། རབ་མཛེས་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་དང་ཡུལ་སྐོར་ཞིང་ཆེན་འཛུགས་སྐྲུན་བྱས་པར་བརྟེན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་དང་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་སྤྲོ་གསེང་དང་ཡུལ་སྐོར་ལྗོངས་གཟིགས། རིག་གནས་སློབ་གསོ་སོགས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་བརྗོད་གཞི་ར་བ་དང་གྲོང་ཁྱེར་གྱི་སྤྲོ་གསེང་ལྗོངས་གཟིགས་ཞིང་ལས། དེང་རབས་ཞིང་ཁྱིམ་སོགས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ཐབས་ལམ་མང་པོ་ནས་འཛུགས་སྐྲུན་མ་དངུལ་རུབ་བསྡུ་བྱས་ཏེ། སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར། ནགས་ཚལ་ཁམས་གསོ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་རྐྱེན་ཤུགས་ཆེན་པོས་ལེགས་བཅོས་བྱེད་པ་དང་། གཙོ་གནད་སྡེ་བ་རུ་དམིགས་བསལ་སྒོས་ཐགས་ཡངས་དྲ་བ་ཁེབས་སུ་འཇུག་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་ལོ་རྒྱུས་དང་ས་ཁུལ། མི་རིགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་ཡུལ་སྐོར་སྡེ་བ་དང་གྲོང་རྡལ་སྐོར་ཞིག་འཛུགས་རོགས་བྱེད་པ་དང་། “ཞིང་པའི་སྤྲོ་སྐྱིད་ཁང”དང“འབྲོག་པའི་སྤྲོ་སྐྱིད་ཁང་།” “ནགས་ཚལ་སྤྲོ་སྐྱིད་ཁང་།” སྒེར་འཁོར་བསྐོར་ནས་ལྗོངས་རྒྱུ་སོགས་ཁྱད་ཆོས་མངོན་གསལ་ལྡན་པའི་ཞིང་སྡེའི་ཡུལ་སྐོར་སྤྲོ་གསེང་ཐོན་རྫས་སྐོར་ཞིག་བསྐྲུན་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་བཏང་ནས། ཟས་རིགས་བདེ་འཇགས་དང་མེ་འགོག་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏང་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་བགྲོད་ལམ་དང་ཐགས་ཡངས་དྲ་བ། རླངས་འཁོར་འཇོག་ས། སྤྱོད་ཁང་། གད་སྙིགས་དང་སྦགས་ཆུ་ཐག་གཅོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཤུགས་ཆེན་པོས་ཇེ་ལེགས་སུ་བཏང་ནས། སྤྲོ་གསེང་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་སྡེ་བ་གསར་སྐྲུན་བྱེད་པ་དང་། “སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་ཁྱད་ལྡན་ཡུལ་སྐོར་དང་དབྱར་ཁའི་སྤྲོ་གསེང་ཡུལ་སྐོར་གྱི་བྱ་འགུལ་སྤེལ་ཏེ། རྩྭ་ཐང་ཆེན་མོའི་དཔལ་འབྱོར་ཡུལ་སྐོར་འཛུགས་དགོས། གྲོང་གསེབ་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྡོད་ཁང་དང་ཁམས་གསོ་རྒན་གསོ་རྟེན་གཞི་འཕེལ་རྒྱས་སུ་གཏང་དགོས།

14.ཚོང་རྟགས་གྲགས་ཅན་གྱི་རིམ་སྤར་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་མིང་གྲགས་ཅན་དང་ཁྱད་ལྡན་ཅན། སྤུས་ལེགས་ཅན། གསར་པ་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱ་དགོས། “ནོག་གནག་གི་ཕ་ས་དང་འབྲོག་ལུག་གི་ཐོན་ཡུལ”། “འདྲེ་ཚེར་མའི་ཕ་ཡུལ།” “སཱེལ་མོད་པའི་ཡུལ་གྲུ”སོགས་ཤུགས་ཆེན་པོས་བསྐྲུན་དགོས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་ཧུར་ཐག་གིས་སྐྱེད་སྲིང་བྱས་ཏེ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་གཉིས་བེད་སྤྱོད་གང་ལེགས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཕན་ཡོད་སྒོས་ཞུགས་པ་དང་། ཆ་རྐྱེན་ཡོད་པའི་ཁེ་ལས“ཕྱིར་འགྲོ་བར”སྐུལ་མ་བཏང་ནས། ཞིང་ཕྱུགས་ལས་ཐོན་རྫས་མིང་གྲགས་ཅན་དང་ཁྱད་ཆོས་ལྡན་པ། སྤུས་ཀ་ལེགས་པ་དག་རྒྱལ་སྤྱིའི་ཚོང་རར་ཞུགས་པར་སྐུལ་འདེད་གཏང་དགོས། ཞིང་ལས་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་ལྗང་མདོག་དངོས་མང་འགྲེམ་སྟོན་ཚོགས་འདུ། མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ། དབྱི་སི་ལན་གྱི་ཟས་རིགས་འགྲེམ་སྟོན་ཚོགས་འདུ། བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་སོགས་མཉམ་ལས་བརྗེ་རེས་སྟེགས་བུར་བརྟེན་ནས་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཆའི་ཞིང་ཕྱུགས་ལས་ཐོན་རྫས་འགྲེམ་འཚོང་བྱེད་པ་དང་། མིང་དུ་གྲགས་ཚད་དང་ཚོང་རའི་ཕྱིར་འཚོང་གི་གཞི་ཁྱོན་རྒྱ་བསྐྱེད་དགོས།

15.ཞིང་ཕྱུགས་ལས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། “དྲ་སྦྲེལ+”དེང་རབས་ཞིང་ཕྱུགས་ལས་ཀྱི་འགུལ་སྐྱོད་མགྱོགས་མྱུར་ངང་ལག་ཏུ་བསྟར་དགོས། ཆ་འཕྲིན་ཐོན་ཁུངས་ཧྲག་སྡེབ་བྱེད་པ་དང་། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་སྒྲིག་འཛུགས་བྱས་ཏེ། རིག་ལྡན་ཞིང་ཕྱུགས་ལས་ཀྱི་རྨང་གཞི་བརྟན་པོར་འདིང་དགོས། དངོས་སྦྲེལ་དྲ་བ་དང་རིག་ནུས་སྒྲིག་སྦྱོར་ཁྱབ་གདལ་དང་བེད་སྤྱོད་པར་ཤུགས་བསྣན་དགོས། ཁྱད་ལྡན་ཐོན་ལས་ལ་དམིགས་ནས་རིག་ལྡན་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ར་བ་སྐོར་ཞིག་འཛུགས་སྐྲུན་བྱས་ནས་ཕྲ་ཞིང་ཞིབ་པའི་སྒོ་ནས་དོ་དམ་བྱ་དགོས། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་སྐྱེལ་བའི་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང“12316”གི་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལག་ཁྱེར་ཁ་པར་ལ་བརྟེན་ནས་ཞིང་ཕྱུགས་ལས་ལ་ཞབས་འདེགས་ཞུ་དགོས། ཞིང་ཕྱུགས་ལས་ཀྱི་རྒྱང་ཚོར་ལྟེ་གནས་བཙུགས་ནས་གཟིགས་མཐོང་ཅན་གྱི་དོ་དམ་ལག་བསྟར་བྱ་དགོས། གསར་བྱུང་གི་ཞིང་ཕྱུགས་ལས་གཉེར་མཁན་གཙོ་བོ་དང་ལས་སྣོན་རྒྱུན་འཁོར་ཁེ་ལས་ཀྱིས་གློག་ཚོང་ཁེ་ལས་དང་ཁྱོན་ཡོངས་ནས་འབྲེལ་མཐུད་དང་མཉམ་འདྲེས་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་མཉམ་འགུལ་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་བསྐྲུན་པའི་བྱ་བ་གོ་སྐབས་སུ་བརྩིས་ནས་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་དང་ཟོང་དབོར་ཞབས་འདེགས་མ་ལག་བཙུགས་ནས། ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས་པར་མ་ཟད། དེར་བརྟེན་ནས་ཟོང་སྐྱེལ་གཞི་རིམ་དུ་སྐྱོད་པའི་ལས་གྲྭ་བསྐྲུན་དགོས། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལག་བསྟར་བྱེད་པ་དང་། ས་ཁུལ་སོ་སོས་གློག་རྡུལ་ཚོང་དོན་ཐོན་ལས་ར་བ་ཚད་ལྡན་དུ་གཏོང་བ་དང་གོང་དུ་འཕེལ་བར་སྐུལ་མ་གཏང་དགོས། ཚོང་རྟགས་གྲགས་ཅན་ཁྱབ་གདལ་དང་ཟོང་དབོར་སྡུད་འགྲེམ། འཇོན་མི་སྐྱེད་སྲིང་། ལག་རྩལ་རྒྱབ་སྐྱོར། སྤུས་ཀ་བདེ་འཇགས་སོགས་ནུས་རྩལ་ཞབས་ཞུ་གཅིག་ཏུ་བསྡུ་དགོས། གསར་དུ་ཐོན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཐད་ཀར་འདོན་སྤྲོད་ཕྱིར་འཚོང་གི་མ་ལག་འཐུས་ཚང་དུ་གཏང་དགོས།