ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆ། ༣

བཞི། མི་འདང་ས་ཁ་གསབ་བྱས་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཇེ་མཐོར་གཏང་དགོས།

རྨང་གཞི་ཞན་པ་ནི་རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི“མི་འདང་ས་གཙོ་བོ”ཡིན་པས། ངེས་པར་དུ་འཆར་འགོད་ཀྱིས་སྣེ་ཁྲིད་པར་ཤུགས་སྣོན་པ་དང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། རོང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོ་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་སྦྲེལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འདེགས་སྐྱོར་མ་ལག་མྱུར་དུ་ཆགས་སུ་འཇུག་དགོས།

16. གཞི་རྩའི་ཞིང་ས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་དགོས། གཏན་འཇགས་ཅན་གྱི་གཞི་རྩའི་ཞིང་ས་མྱུར་དུ་དབྱེ་མཚམས་བཅད་དེ་ཆེས་ནན་མོ་ཡིན་པའི་གཞི་རྩའི་ཞིང་ས་སྲུང་སྐྱོབ་སྲིད་ཇུས་ལག་ཏུ་བསྟར་བ་དང་། ཐོན་ཚད་དམའ་འབྲིང་གི་ཞིང་ས་ཤུགས་ཆེན་པོས་ལེགས་བཅོས་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་མྱུར་དུ་འཛུགས་སྐྲུན་བཅས་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། རྨོ་ཞིང་གི་སྤུས་ཀ་སྲུང་སྐྱོབ་དང་མཐོར་འདེགས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལས་གྲྭ་སྐྲུན་པའི་ཐབས་དང་སྐྱེ་དངོས་ཀྱི་ཐབས་གཉིས་ཀ་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ་རྨོ་ཞིང་གི་སྤུས་ཀ་ཇེ་མཐོར་གཏང་དགོས། ས་ཞིང་ཆུ་བེད་ཐད་ཕྱོགས་མང་པོའི་མ་དངུལ་གཏོང་བའི་རྐྱེན་སྲོལ་མྱུར་དུ་གསར་སྐྲུན་བྱེད་པ་དང་། མུ་མཐུད་དུ་ཞིང་སའི་ཆུ་བེད་ལས་གྲྭ་ཆུང་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་འཛུགས་སྐྲུན་དཔེ་དབྱིབས་ཁྱབ་གདལ་དུ་བཏང་ནས། ཧུར་ཐག་གིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ་བྱེད་པ། དམངས་ཀྱིས་སྒྲུབ་ཅིང་གཞུང་གིས་རོགས་བྱེད་པ་སོགས་སྤྱོད་གོ་ཆོག་པའི་བྱེད་ཐབས་ཁྱབ་གདལ་དུ་གཏང་དགོས། ཞིང་པ་ཁྱིམ་ཚང་དང་གསར་བྱུང་གི་ཞིང་ལས་གཉེར་མཁན་གཙོ་བོ་སོགས་ཀྱི་ཞིང་སའི་ཆུ་བེད་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱ་དགོས། ཆུ་མཛོད་དང་ཆུ་རྐ། ཞིང་ཆུ་གཏོང་ཡུལ་བཅས་ཀྱི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ཁྱབ་གདལ་དུ་གཏོང་བ་དང་། ཞིང་ཆུ་གཏོང་ཡུལ་ཆེ་འབྲིང་ཁུལ་གྱི་མཐུད་སྐྲུན་ཆ་སྡེབ་དང་ཆུ་གྲོན་ཆུང་ཅན་དུ་སྒྱུར་བཀོད་བྱེད་ཅིང་། ཞིང་ལས་ཆུང་བར་ཆུ་འདྲེན་པའི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལེགས་འཛིན་དང་། ཆུས་གཏོར་བརླག་དང་གནོད་སྐྱོན་བཟོས་པའི་ཆུ་བེད་ལས་གྲྭ་བྲེལ་མྱུར་གྱིས་ཞིག་གསོ་བྱ་དགོས། སྟོབས་ཤུགས་གཅིག་བསྡུས་སྒོས་གནོད་སྐྱོན་ཐེབས་རྗེས་ཀྱི་ཆུ་བེད་མྱུར་དུ་འཛུགས་སྐྲུན་བྱེད་པ་དང། ཞིང་ཁའི་ཆུ་རྐའི་ཆ་སྡེབ་བྱ་བ་དང“ཆུ་བེད་ཆུང་བ་ལྔ”ཡི་ལས་གྲྭ་འཛུགས་སྐྲུན་ལེགས་འཛིན་བྱས་ནས། ཞིང་ཁའི་ཆུ་བེད་ཀྱི་རྨང་གཞི་བརྟན་པོར་འདིང་དགོས། ཞིང་ལས་ཐད་བཀོལ་བའི་ཆུའི་བསྡོམས་འབོར་ཚོད་འཛིན་ནན་མོ་བྱས་ཏེ། ཕན་ནུས་མཐོ་བའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ལས་གྲྭ་ལེགས་སྒྱུར་བྱེད་དགོས་ཤིང་ཤུགས་ཆེན་པོས་ས་ཁོངས་གཞི་ཁྱོན་ཅན་དང་ཕན་ནུས་མཐོ་བའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་གོང་དུ་སྤེལ་དགོས།

17.ཕྱིར་རང་ཡུལ་དུ་ལོག་པ་དང་གཞི་རིམ་དུ་སོང་བའི་མི་སྣས་ལས་ཀ་གསར་སྐྲུན་གསར་གཏོད་བྱེད་པར་སྐུལ་མ་གཏང་དགོས། ཞིང་པ་ལས་མི་དང་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་དང་ཚན་རྩལ་མི་སྣ་སོགས་ཕྱིར་རང་ཡུལ་དུ་ལོག་པ་དང་གཞི་རིམ་དུ་སོང་བའི་མི་སྣ་རོང་འབྲོག་ཁུལ་དུ་སོང་ནས་ལས་སྐྲུན་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཁར་གྲོང་གི་ངལ་རྩོལ་པ་འདྲ་མཉམ་སྒོས་ལས་ཀར་ཞུགས་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་པར་ཞབས་འདེགས་ཞུ་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཐབས་ལམ་མང་པོ་ནས་ལས་ཀར་ཞུགས་པར་སྐུལ་མ་བཏང་ནས། གཙོ་བོ་གསར་ཐོན་དུས་རབས་དང་ལས་རིགས་ཀྱི་རྐྱེན་ནད་ཐེབས་པ་སོགས་ཀྱི་ཞིང་པ་ལས་མིར་འཕྲད་པའི་གནད་དོན་ཐག་བཅད་དེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱ་དགོས། རོང་འབྲོག་ཁུལ་གྱིས་ལས་སྐྲུན་གསར་གཏོད་བྱེད་པའི་ཚོང་རར་ཞུགས་ཆོག་པ་དང་།ནོར་སྲིད་ཁྲལ་བསྡུ། དངུལ་རྩའི་ཞབས་ཞུ། བཀོལ་ཞིང་དང་གློག  ལས་སྐྲུན་གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་ལ་སོགས་པར་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཧྲག་སྡེབ་དང་དངོས་འབེབས་བྱ་དགོས། ས་ཁུལ་སོ་སོས་རང་ཡུལ་དུ་ཕྱིར་ལོག་པ་དང་གཞི་རིམ་དུ་སོང་བའི་མི་སྣས་གསར་སྐྲུན་གསར་གཏོད་ར་བ་དང་ལས་སྐྲུན་སྒོང་རུམ་རྟེན་གཞི། གསར་གཏོད་མཁན་ལ་ཞབས་ཞུ་བྱེད་པའི་སྟེགས་བུ་བཅས་འཛུགས་པར་སྐུལ་མ་གཏང་དགོས། སྒོ་འབྱེད་ཅན་གྱི་ཞབས་ཞུའི་སྒེའུ་ཁུང་བཙུགས་ནས། ས་ཚིགས་གཅིག་ནས་འགྲོ་ལུགས་སྒྲུབ་ཐུབ་པའི་ཞབས་ཞུ་འདོན་སྤྲོད་བྱ་དགོས། རྩོལ་ལས་དཔལ་འབྱོར་ཤུགས་ཆེན་པོས་གོང་དུ་སྤེལ་ནས། མུ་མཐུད་དུ“མཚོ་སྔོན་གྱི་འཐེན་ཐུག”སོགས་རྩོལ་ལས་ཆས་རྟགས་སྐྱེད་སྲིང་དང་རྒྱ་སྐྱེད་དུ་གཏང་དགོས། གྲོང་ཁྱེར་དུ་ཁྱིམ་ཐོ་བཟོས་པའི་རོང་འབྲོག་པའི་ཞིང་ས་འགན་ལེན་དབང་ཆ་དང་ཁང་པའི་གཞིས་ས་བེད་སྤྱོད་པའི་དབང་ཆ། ཐུན་མོང་གི་ཡོང་སྒོ་བགོ་བཤའ་རྒྱག་པའི་དབང་ཆ་བཅས་སྲུང་སྐྱོབ་བྱས་ཏེ། རོང་འབྲོག་པས་སྤོ་སྒྱུར་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་སྤེལ་གཏང་དགོས།

18.ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་ལ་སྐུལ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ལས་ཚན་རྩལ་ར་བ་དང་རྒྱལ་ཁབ་ཞིང་སྡེའི་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་གནད་ཆེ་ས་བྱས་ཏེ། “1020”སྐྱེ་ཁམས་ཞིང་ཕྱུགས་ལས་གནད་ཆེའི་ཚན་རྩལ་འདེགས་སྐྱོར་ལས་གྲྭ་ལག་བསྟར་ནན་མོ་བྱ་དགོས། སྲིད་གཞུང་གིས་ཚན་རྩལ་ཞབས་འདེགས་ཉོ་བའི་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ་དང་། ཚན་རིག་ཞིབ་འཇུག་འབྲས་བུའི་ཁེ་དབང་གི་བགོ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་མི་འདང་ས་ལ་ཐོག་མར་ཁ་གསབ་བྱ་དགོས། ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་གསར་གཏོད་རིམ་པ་གསུམ་གྱི་སྟེགས་བུའི་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་གསར་གཏོད་ལས་གྲྭ་ལག་ཏུ་བསྟར་དགོས། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་བྱེད་སྟངས་སྒྱུར་བའི་བླང་བྱར་འཕྲོད་མཐུན་བྱས་ཏེ། ཐོན་ལས་དང་སློབ་གྲྭ། ཞིབ་འཇུག་བཅས་གསུམ་ཕན་ཚུན་ཟུང་སྦྲེལ་དང་ཞིབ་འཇུག་དང་ཁྱབ་གདལ། བེད་སྤྱོད་བཅས་གསུམ་ཕུང་གཅིག་ཅན་དུ་འགྱུར་བར་དམིགས་ནས། ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་གསར་གཏོད་ཁ་ཕྱོགས་དང་གནས་ཆེ་ས་ལེགས་སྒྲིག་དང་། དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་གསར་གཏོད་བྱ་དགོས། སོན་རིགས་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱེད་པ་ནན་འཛིན་བྱས་ཏེ། འབྲོག་ལུག་ཕན་ནུས་མཐོ་བར་གསོ་སྤེལ་དང་ནོར་གནག་ནོར་རྒྱུད་སླར་གསོ་བྱེད་པ། ནོར་ལུག་ཚད་གཞི་ཅན་དུ་ལག་གསོ། གཟན་ཆས་དང་གཟན་རྩྭ་ལས་སྣོན་གསོག་ཉར་བེད་སྤྱོད། སྲོག་ཆགས་དང་རྩི་ཤིང་གི་འབུ་གནོད་འགོག་བཅོས། འབྲིང་མཐོའི་ཞིང་ཕྱུགས་ལས་ཐོན་རྫས་གསར་སྤེལ་ཟབ་མོ་དང་ཞིབ་མོ་བྱེད་པ། ཐོན་ཚད་དམའ་འབྲིང་གི་ཞིང་ཁ་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར། ཁྱད་ལྡན་ནགས་ལས་ཐོན་རྫས་ཐོན་ཁུངས་གསོ་སྐྱོང་། གསོག་ཉར་ཟོང་དབོར་སོགས་དངོས་སྤྱོད་ལག་རྩལ་སྐོར་ཞིག་ཞིབ་འཇུག་དང་གསར་སྤེལ། དཔེ་སྟོན། ཁྱབ་གདལ་བཅས་བྱེད་དུ་འཇུག་དགོས། ལྗང་མདོག་དང་ཐོན་ཚད་མཐོ་བ། ཕན་ནུས་མཐོ་བའི་གསར་སྐྲུན་ཁྱབ་གདལ་དུ་བཏང་ནས། གཙོ་བོ་སྤུས་ཀ་ལེགས་ཤིང་ཆེད་དུ་སྤྱོད་པའི་རིགས་སྣ་དང་མ་གནས་གྲོན་ཆུང་དང་འཛད་གྲོན་དམའ་རུ་གཏོང་བའི་འཁོར་རྒྱུག་བེད་སྤྱོད་ལག་རྩལ་གྱི་དཔེ་དབྱིབས་ཁྱབ་གདལ་དུ་གཏང་དགོས།

19. རོང་འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་སྲིད་ཇུས་དངོས་འབེབས་བྱེད་པ་དང་། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།  ཞིང་ཕྱུགས་ལས་ཀྱི་སྤུས་ཀ་ཇེ་མཐོ་དང་ཕན་འབྲས་ཇེ་ལེགས་སུ་གཏང་དགོས།  གཙོ་བོར་བདག་གཉེར་རང་བཞིན་གྱི་ཡོང་སྒོ་འཕར་བའི་མངོན་མེད་ནུས་ཤུགས་སྔོག་འདོན་དང་།  ཁྱིམ་ཚང་གི་བདག་གཉེར་རང་བཞིན་གྱི་ཡོང་སྒོ་འཕར་སྣོན་བྱས་ཏེ། ལས་ཞུགས་ལས་སྐྲུན་གྱི་རྒྱབ་སྐྱོར་སྲིད་ཇུས་ཇེ་དྲག་ཏུ་གཏང་དགོས།  རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་གྱི་རྒྱ་བསྐྱེད་དེ།  འབད་བརྩོན་སྒོས་ལས་ཞུགས་ལས་རྐང་དང་ལས་སྐྲུན་གོ་སྐབས་འཕར་སྣོན་བྱ་དགོས།  ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་གསར་པ་བསྐྲུན་ནས་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་བརྟན་བརླིང་ངང་འཕར་སྣོན་བྱ་དགོས།  བཟོ་ལས་ཅན་དང་གྲོང་རྡལ་ཅན།  ཆ་འཕྲིན་ཅན་བཅས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་ཁྲོད་ཕུང་གཅིག་ཅན་དུ་འཕེལ་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། རོང་འབྲོག་ཁུལ་གྱི་རྒྱུ་ནོར་ཐོན་ཁུངས་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱས་ཏེ།  ནོར་སྲིད་མ་དངུལ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་བཏང་ནས་ཆགས་པའི་བདག་གཉེར་རང་བཞིན་གྱི་རྒྱུ་ནོར་དང་།  ས་ཁུལ་སོ་སོས་མ་རྐང་དབང་ཆ་སྡེ་བ་དང་ཁྱིམ་ཚང་ལ་བགོ་ཐབས་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བ་དེ་སྡེ་བའི་ཐུན་མོང་དང་ཡང་ན་རོང་འབྲོག་ཁྱིམ་ཚང་གི་མ་རྐང་དབང་ཆར་བརྩིས་ཏེ། རོང་འབྲོག་པར་ཡུན་རིང་པོར་ཁེ་ཕན་ཐོབ་ཏུ་འཇུག་དགོས།  རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་འགུལ་ནུས་གསར་པ་འགྲོལ་བ་དང་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོ་འཕར་བའི་བར་སྟོང་གི་རྒྱ་སྐྱེད་པ།  རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་འཕར་བའི་ཁེ་སྤོགས་གློད་འགྲོལ་བྱེད་པ་བཅས་ཀྱི་སྒོ་ནས་རོང་འབྲོག་པའི་ཡོང་སྒོ་བརྟན་བརླིང་ངང་འཕར་སྣོན་བྱ་དགོས།

20.དེང་རབས་སོན་འདེབས་ལས་རིགས་གོང་དུ་འཕེལ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། “གསོ་སྤེལ་དང་རྒྱུད་སྤེལ། ཁྱབ་གདལ”བཅས་གཞི་གཅིག་ཅན་གྱི་སོན་འདེབས་ཁེ་ལས་གསོ་སྐྱོང་བྱས་ཏེ། ས་བོན་གསོ་སྤེལ་གསར་སྐྲུན་དང་སོན་བཟང་འདོན་སྤྲོད་ནུས་པ་ཇེ་ཆེར་གཏང་དགོས། མུ་མཐུད་དུ་ས་བོན་ལས་གྲྭ་ལག་བསྟར་བྱེད་པ་དང་། དུག་སེལ་ཞོག་ཁོག་དང་ནས། དཔྱིད་ཀའི་ལོག་དཀར་བཅས་གསོ་སྤེལ་དང་སོན་བཟོ(གསོ་སྤེལ)རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏང་དགོས། ཞིང་ལས་ལོ་ཏོག་གི་ས་བོན་རྟེན་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། མཐོ་སྒང་ས་ཆར་དམིགས་བསལ་དུ་ཡོད་པའི་ལོ་ཏོག་གི་རིགས་གསར་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྤུས་ལེགས་ཕྱུགས་རྩྭ་དང་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་གྱི་རིགས་བཅས་སྐོར་ཞིག་གསོ་སྐྱོང་བྱ་དགོས། མཐོ་སྒང་ས་ཆར་དམིགས་བསལ་དུ་ཡོད་པའི་ཕྱུགས་བྱའི་རིགས་དང་ཉ་རིགས་སོགས་ཀྱི་རྒྱུད་སྤེལ་ཁྱབ་གདལ་དང་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏང་དགོས། སོན་བཟང་གི་ཚན་རིག་ཞིབ་འཇུག་ལས་གཞི་གལ་ཆེན་ལ་མཉམ་འབྲེལ་འགག་སྒྲོལ་བྱེད་པ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། འབྲུ་རིགས་ལོ་ཏོག་གཙོ་བོའི་རེས་གསར་པའི་གསར་སྒྱུར་ཐོན་བརྗེ་ཇེ་མགྱོགས་སུ་གཏང་དགོས། འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་བྱེད་ཐུབ་པ་དང་སྤུས་ལེགས་ཐོན་མཐོ། གནོད་འགོག་བྱེད་ཤུགས་ཆེ་ཞིང་འདེབས་རྒྱ་ཆེ་བའི་རིགས་གསར་པ་གསོ་སྐྱོང་དང་ཁྱབ་གདལ་དུ་གཏང་དགོས། དེང་རབས་འདེབས་འཛུགས་ལས་རིགས་ཀྱི་འཛུགས་སྐྲུན་ལས་གྲྭ་དང་འདེབས་འཛུགས་ལས་རིགས་ཀྱི་རང་བདག་ལས་སྐྲུན་ལས་གྲྭ་གལ་ཆེན་ལག་ཏུ་བསྟར་དགོས། ཁེ་ལས་ཀྱི་ས་བོན་གསར་གཏོད་བྱེད་པའི་གོ་གནས་གཙོ་བོར་ཤུགས་བསྣན་ནས། རྒྱལ་ནང་དུ་མིང་གྲགས་ངེས་ཅན་ཞིག་ཡོད་པའི་དེང་རབས་འདེབས་འཛུགས་ཁེ་ལས་མྱུར་དུ་གསོ་སྐྱོང་བྱ་དགོས།

21.རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ཚོང་ར་ཅན་དུ་འཁོར་རྒྱུག་བྱེད་པ།  སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ།  འབྲེལ་མཐུད་གོ་རིམ་ཡོད་པའི་སྣེ་མང་ཅན་གྱི་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་མྱུར་དུ་བསྐྲུན་པ་དང་།  ཁེ་ཕན་འབྲེལ་མཐུད་དང་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།  ཞབས་ཞུ་སྤུས་ཀ་དང་ལས་ཆོད་ཇེ་མཐོར་གཏང་དགོས།  ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་སྒྲུབ་པའི་རྐྱེན་སྲོལ་གསར་སྐྲུན་བྱས་ཏེ།  གཙོ་བོ་རོང་འབྲོག་ཁྱིམ་ཚང་ལ་ཚབ་རྨོ་དང་ཕྱུགས་ཟོག་ཚབ་འཚོ་བྱེད་པ། གཅིག་གྱུར་གྱིས་འགོག་བཅོས་བྱེད་པ། གསོག་ཉར་འཁོར་རྒྱུག་སོགས་ཀྱི་ཞབས་ཕྱིར་རྒྱབ་སྐྱོར་བྱ་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་ལས་ཁུངས་བརྟན་བརླིང་དང་ཇེ་དྲག་ཏུ་གཏོང་བ།  འགྲོ་གྲོན་འགན་སྲུང་དང་བྱ་དགའ་གནང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།  གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་དགོས། ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདེགས་སྐྱོར་ལས་གྲྭ་ལག་བསྟར་བྱེད་པ་དང་བདག་གཉེར་རང་བཞིན་གྱི་ཞབས་ཞུ་རྩ་འཛུགས་སྐྱེད་སྲིང་བྱེད་པ།  ཞིང་ཕྱུགས་ལས་ཐོན་སྐྱེད་དོ་དམ་གྱི་གོ་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་སྒྲུབ་པའི་གསར་སྐྲུན་ཚོད་ལྟ་དང་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱི་ཉོ་བའི་རྐྱེན་སྲོལ་གསར་སྐྲུན་ཚོད་ལྟ་བྱེད་པའི་ཁྱབ་ཁོངས་ཆེར་བསྐྱེད་ཅིང་།  རྣམ་པ་སྣ་ཚོགས་པའི་ཞིང་ཕྱུགས་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞབས་ཕྱི་བསྒྲུབ་དགོས།  ཞབས་ཕྱི་སྒྲུབ་ཐབས་གསར་སྐྲུན་དང་ཞབས་ཞུ་ཁྱབ་ཁོངས་ཆེར་སྐྱེད་པ། དྲ་འབྲེལ་ལག་རྩལ་སྤྱད་དེ་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་བསྒྲུབ་དགོས།  གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་དང་མ་ལག་གི་འཛུགས་སྐྲུན་ཐད་ཤུགས་བསྣན་དགོས།

ལྔ། གནད་ལ་ཁེལ་བར་དབུལ་ཕོངས་ལས་སྒྲོལ་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གནད་སའི་ལས་གྲྭ་ནན་ཏན་སྒོས་བསྐྲུན་དགོས།

དབུལ་སྒྲོལ་འགག་གཏོར་བྱེད་པ་ནི་ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལས་འགན་གལ་ཆེན་གྲས་ཀྱི་གཅིག་ཡིན་ཕྱིར། ངེས་པར་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་གྱི་ཐབས་ཇུས་རྒྱུན་འཁྱོངས་བྱེད་དགོས་ཤིང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་བ། འགན་སྲུང་བྱེད་པའི་རྐྱེན་སྲོལ་འཛུགས་པ། རོགས་སྐྱོར་དཔེ་དབྱིབས་གསར་སྐྲུན་བྱེད་པ་བཅས་ཀྱིས“རྫོང11གི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ500དང་དབུལ་ཕོངས་མི་གྲངས་ཁྲི14དབུལ་ཕོངས་ལས་སྒྲོལ་བའི”ལོ་འཁོར་མོའི་དམིགས་འབེན་ལས་འགན་འགྲུབ་པར་ཁག་ཐེག་བྱ་དགོས།

22.གནད་ཁེལ་དབུལ་སྒྲོལ་གྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། “བྱེད་ཐབས་གཉིས་གཅིག་ཏུ་སྒྲིལ་བ”ཡི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། དབུལ་སྐྱོར་དང་མ་མཐའི་འཚོ་བའི་འགན་སྲུང་གི་ལམ་ལུགས་གཉིས་བར་མེད་དུ་སྦྲེལ་དགོས། བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཕོངས་ཅན་གྱི་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་ཡོང་བར་སྣེ་ཁྲིད་དགོས། དབུལ་ཐར་ཕྱུག་བསྒྱུར་གྱི་བརྩོན་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པ་དང་བརྟན་བརླིང་ངང་དབུལ་ཐར་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ནོར་སྲིད་ཕྱོགས་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་དང་ཧྲག་སྡེབ་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་་དུ་གཏང་དགོས། ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་པའི་ཐད་ཀྱི་སྐྱེད་སྤྲོད་སྲིད་ཇུས་བཟོ་བཅོས་བྱ་དགོས། ཉེན་འགོག་ལས་རིགས་ཀྱིས་གནད་ཁེལ་དབུལ་སྐྱོར་བྱེད་པའི་མཛུབ་སྟོན་བསམ་འཆར་གཏན་འཁེལ་བྱ་དགོས། དབུལ་ཕོངས་རྫོང་གི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ་དང་། དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བ་བཅས་ཀྱི་རྗེས་མཐུད་དབུལ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱ་དགོས།

23. གནད་ཁེལ་དབུལ་སྒྲོལ་གྱི་རྐྱེན་སྲོལ་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། འགུལ་རྣམ་ལྟར་དབུལ་ཕོངས་དོ་དམ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ལ་འགུལ་རྣམ་ལྟར་དོ་དམ་བྱེད་པ་དང་མ་མཐའི་འཚོ་བར་འགན་སྲུང་དང་ཚད་མཐའ་སྲུང་བའི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ནས། འགན་སྲུང་ནང་ཚུད་པ་དང་ཕྱིར་ཕུད་པ། འགན་སྲུང་བྱེད་དགོས་པ་ཚང་མར་འགན་སྲུང་བྱེད་པ། ཚད་ལྡན་ཡིན་ལ་གོ་རིམ་ཡོད་པ་ཞིག་མངོན་འགྱུར་བྱ་དགོས། རྫོང་རིམ་པའི་དབུལ་ཐར་འགག་སྒྲོལ་ལས་གཞིའི་མཛོད་འཛུགས་པ་ཇེ་མགྱོགས་སུ་གཏང་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་། སྡེ་བ་བཅས་རིམ་པ་ལྔ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དབུལ་ཕོངས་བྱ་བ་འཛིན་པའི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་སྒྲུབ་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་དངོས་འབེབས་ནན་ཏན་བྱ་དགོས། དབུལ་སྐྱོར་སྡེ་སྡོད་ཀྱི“123”རོགས་སྐྱོར་བྱ་བའི་རྐྱེན་སྲོལ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཅིང་ཧྲུའུ་ཅི་དང་པོ་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “འབྲེལ་གཏུག་པ་དང་པོ”ཡི་འགན་འཁྲི་དངོས་འབེབངས་ནན་ཏན་བྱེད་ཅིང“རོགས་སྐྱོར་གཉིས”ཀྱི་སྤུས་ཀ་ཇེ་མཐོར་བཏང་ནས“བཅོས་སྐྱོང་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱ་དགོས། ནོར་སྲིད་ཀྱིས་དབུལ་སྐྱོར་བྱེད་པའི་མ་དངུལ་དོ་དམ་ལམ་ལུགས་དངོས་འབེབས་ནན་ཏན་བྱ་དགོས། རྒྱལ་ཁབ་ཀྱི་ཡུན་ཐུང་ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་སྲིད་ཇུས་དངོས་འབེབས་བྱེད་པ་དང་། “གཞོན་ནུའི་ལས་སྐྲུན་དང་དབུལ་སྐྱོར་འགུལ་སྐྱོད”མུ་མཐུད་དུ་ལག་བསྟར་བྱེད་པ། དབུལ་ཕོངས་སློབ་ཆེན་པས་ལས་སྐྲུན་ལས་ཞུགས་བྱེད་པར་རོགས་སྐྱོར་བྱེད་ཅིང་དབུལ་ཕོངས་ཅན་གསོ་སྦྱོང་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏང་དགོས། གནས་སྤོ་དབུལ་སྐྱོར་གྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་བྱ་བ་ལེགས་པར་བསྒྲུབ་དགོས། གནད་ཁེལ་དབུལ་ཐར་བྱེད་པའི་རོགས་སྐྱོར་དཔེ་དབྱིབས་གསར་སྐྲུན་བྱེད་ཅིང་། ཆ་བསྒྲིགས་སློབ་རོགས་དང“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་སྐྱོར་དང་ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་ལ་འབྲེལ་གཏུག་བྱེད་པ”སོགས་བྱ་འགུལ་སྤེལ་དགོས།

24.ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། དབུལ་ཕོངས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་བའི་འཆར་འགོད་ལག་བསྟར་བྱེད་པ་དང་། དབུལ་ཕོངས་ཐོན་ལས་ར་བ་དང་ཞིང་སྡེའི་ཡུལ་སྐོར། འོད་ཧྥུ་ལས་གྲྭ་སོགས་དབུལ་སྐྱོར་ལས་གཞི་དང་དབུལ་ཕོངས་ས་ཁུལ་གྱི་ཆུ་གློག་དང་གཏེར་ཁ་སོགས་ཐོན་ཁུངས་གསར་སྤེལ་ལ་དམིགས་ནས། རྒྱུ་ནོར་ཡོང་སྒོ་ལེན་པའི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱ་དགོས། དབུལ་ཕོངས་ཁྱིམ་ཚང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་འཕེལ་བའི་མ་ལག་ནང་ཚུད་དུ་འཇུག་ཅིང། “ཁྱིམ་ཚང་གཅིག་ལ་བྱེད་ཐབས་གཅིག”དང“སྡེ་བ་གཅིག་ལ་སྲིད་ཇུས་གཅིག”ལག་བསྟར་བྱ་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས་ཀྱིས་ཁྱད་ཆོས་ལྡན་པའི་འདེབས་གསོ་དང་མི་རིགས་ལག་བཟོ། ཞིང་སྡེའི་ཡུལ་སྐོར། ཁྱད་ཆོས་ལྡན་པའི་རིག་གནས་སོགས་ལེགས་ཆ་ལྡན་པའི་ཐོན་ལས་སྤེལ་བར་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་བར་གྱི་ཕན་ཁེ་འབྲེལ་བ་ཇེ་དམ་དུ་གཏང་དགོས། ངལ་རྩོལ་པ་ཕྱིར་གཏོང་ས་ཁུལ་དང་ནང་འདྲེན་ས་ཁུལ་གཉིས་བར་གྱི་གནད་ཁེལ་འབྲེལ་མཐུད་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དབུལ་ཕོངས་མི་འབོར་བརྟན་བརླིང་ངང་ལས་ཀར་ཞུགས་པ་མངོན་འགྱུར་བྱ་དགོས། དབུལ་ཕོངས་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་མཚམས་སྦྱོར་ཚོང་གཉེར་བྱེད་པའི་ཐད་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏང་དགོས། ཆ་རྐྱེན་ཡོད་པའི་རྫོང(གྲོང་ཁྱེར་དང་ཆུས)གིས་དབུལ་སྐྱོར་ཐོན་ལས་ར་བ་འཛུགས་ཅི་ཐུབ་བྱས་ནས། དབུལ་ཕོངས་མི་འབོར་ཞུགས་ཚད་མཐོ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ནགས་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་འཛུགས་རྒྱུར་རོགས་སྐྱོར་བྱེད་ཅིང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་ཁྱིམ་ཚང་གིས་ཐོན་ལས་ཀྱི་རྒྱུན་བསྲིང་བའི་ཐད་སྐུལ་ཁྲིད་བྱས་ཏེ་ཟུར་སྣོན་རིན་ཐང་ཇེ་མཐོར་གཏང་དགོས། ས་ཁུལ་བརྒལ་ནས་དབུལ་སྐྱོར་ཐོན་ལས་སྤེལ་བར་འཚོལ་ཞིབ་ཅི་ཐུབ་བྱ་དགོས། དབུལ་ཕོངས་རྫོང་སོ་སོས་དོན་དངོས་དང་སྦྲེལ་ནས་རང་བདག་གིས་གྲངས་ཀ་ངེས་ཅན་ལྡན་ལ་སྤྱི་ཕན་རང་བཞིན་ལྡན་པའི་ལས་རྐང་གསར་སྤེལ་བྱས་ཏེ་དབུལ་ཕོངས་མི་འབོར་ལ་སྤྲོད་པ་དང་། གསར་དུ་སྣོན་པའི་སྤྱི་ཕན་རང་བཞིན་གྱི་བདག་སྐྱོང་པ་ཚང་མ་དབུལ་ཕོངས་མི་འབོར་ནང་ནས་གདན་ཞུ་བྱ་དགོས། དངུལ་རྩ་ཡིས་དབུལ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས་རྫོང་རིམ་པའི་དབུལ་སྐྱོར་གསར་སྤེལ་མ་དངུལ་གཏོང་བ་དང་རུབ་བསྡུ་བྱེད་པའི་ལས་སྟེགས་འཛུགས་ཚད་ཇེ་མགྱོགས་སུ་གཏང་དགོས།