ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆ། ༤

དྲུག བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཇེ་དྲག་ཏུ་གཏང་དགོས།

ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་པའི་གནད་འགག་ནི་སྒྲིག་སྲོལ་འཐུས་ཚང་དང་རྐྱེན་སྲོལ་གསར་སྐྲུན་བྱ་རྒྱུ་དེ་ཡིན་ཕྱིར། ངེས་པར་དུ་རོང་འབྲོག་ཁུལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དང་ཆ་ཚང་དུ་གཏོང་དགོས་ཤིང་། རོང་འབྲོག་ཁུལ་གྱི་ཐུན་མོང་གི་ཐོན་དབང་དང་ཞིང་ཕྱུགས་ལས་བདག་གཉེར། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་སོགས་ཀྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་པར་སྒུལ་ཤུགས་བསྩལ་དགོས།

25. ཕྱོགས་མང་པོ་ནས་མ་དངུལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་མ་དངུལ་གཏོང་ཚད་འོས་འཚམ་གྱིས་འཕར་བ་མུ་མཐུད་དུ་རྒྱུན་སྲུང་བྱས་ཏེ། ཞིང་ཕྱུགས་ལས་ཐད་མ་དངུལ་བཏང་བའི་འཕར་ཚད་དེ་ནོར་སྲིད་ཡོང་སྒོ་འཕར་ཚད་ལས་མཐོ་བ་དང་། གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་དེ་རོང་འབྲོག་ཁུལ་དུ་བེད་སྤྱད་པའི་བསྡུར་ཚད་ལོ་སྔོན་མ་ལས་མཐོ་བ། ཞིང་ས་བཤུག་སྤྲོད་ཡོང་སྒོ་དེ་ཞིང་ཕྱུགས་ལས་འཛུགས་སྐྲུན་ཐད་སྤྱོད་པའི་འཕར་ཚད་སྔོན་ལོ་ལས་མཐོ་བ་བཅས་བྱ་དགོས། ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས་ཤིང་། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་ལ་མ་དངུལ་གཅིག་གྱུར་དང་ཧྲག་སྡེབ་བྱས་ནས་བཀོལ་བའི་དབང་ཆ་སྩོལ་དགོས། དམིགས་འབེན་ཕལ་ཆེར་འདྲ་བ་དང་མ་དངུལ་གཏོང་བའི་ཁ་ཕྱོགས་མཚུངས་པའི་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཧྲག་སྡེབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། “གཏོང་ཐུབ་པ་དང་ལེན་ཐུབ་པ། བཀོལ་བ་བཟང་བ”བཅས་ཡོང་བར་ཁག་ཐེག་བྱ་དགོས། “ཁ་གསབ་གསུམ་དང་ཧྲག་སྡེབ་གཅིག”གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། ཁ་གསབ་འཕར་ཚད་ཇེ་མཐོར་བཏང་ནས་གསར་དུ་བསྣན་པའི་ཁ་གསབ་དེ་ཞིང་ཕྱུགས་ལས་གཉེར་མཁན་གཙོ་བོར་ཁ་ཕྱོགས་དགོས། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དེ་ཞིང་ཁྱིམ་གྱི་འགན་འཁྲི་དང་སྦྲེལ་བའི་བྱེད་ཐབས་འཚོལ་ཞིབ་ཅི་ཐུབ་བྱས་ཏེ། ནོར་སྲིད་མ་དངུལ་བཀོལ་བའི་ཕན་འབྲས་ཇེ་མཐོར་གཏང་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་འཇའ་འདེགས་ནུས་པ་འདོན་སྤེལ་བྱེད་ཅིང་མ་དངུལ་གཏོང་བ་དང་རུབ་བསྡུ་བྱེད་པའི་བྱེད་སྟངས་གསར་སྐྲུན་བྱེད་པ། pppདཔེ་དབྱིབས་ཁྱབ་གདལ་གཏོང་བ་བཅས་ཀྱིས་སྔར་ལས་མང་བའི་སྤྱི་ཚོགས་སྟེང་གི་མ་རྩ་མ་དངུལ་གཏོང་བའི་ནང་ཞུགས་པར་སྐུལ་ཁྲིད་བྱས་ཏེ། མ་དངུལ་གཏོང་བ་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། མ་རྩའི་དངུལ་ཐོ་འགོད་པ་དང་གཞུང་སྒེར་མཉམ་གཉེར། མ་དངུལ་གཏོང་བར་ཁ་གསབ། དངུལ་བུན་སྐྱི་བར་སྐྱེད་ཀ་སྤྲོད་པ་སོགས་བྱེད་སྟངས་སྤྱད་དེ་ཞིང་སྡེའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱེད་ཅིང་། རིགས་སོ་སོའི་བདག་གཉེར་བྱེད་མཁན་གཙོ་བོས་རང་ཉིད་གོང་དུ་སྤེལ་བའི་ནུས་པ་ཇེ་ཆེར་གཏང་དགོས།

26.ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། རོང་འབྲོག་ཁུལ་གྱི་ཞིང་ས་འགན་ལེན་འབྲེལ་བ་གཏན་འཇགས་སུ་གཏོང་དགོས་ཤིང་། ཐུན་མོང་ལ་བདག་དབང་དངོས་འབེབ་དང་ཞིང་པ་ཁྱིམ་ཚང་གི་འགན་གཙང་ལེན་དབང་ཆ་གཏན་འཇགས། ས་ཞིང་བདག་གཉེར་དབང་ཆ་ཧུར་པོར་གཏོང་བ་དང་། “དབང་ཆ་གསུམ་དབྱེ་ཕྲལ”བྱེད་ཐབས་འཐུས་ཚང་དུ་བཏང་ཐོག བྱ་བའི་བྱེད་ཐབས་དངོས་འབེབས་བྱ་དགོས། ཞིང་སྡེའི་ས་ཞིང་འགན་ལེན་དང་བདག་གཉེར་དབང་ཆ་ངོས་འཛིན་པའི་ཐོ་འགོད་དཔང་ཡིག་སྤྲོད་པ་དེ་ཞིང་ཆེན་ཡོངས་སུ་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། འབྲོག་ཁུལ་གྱི་རྩྭ་ས་འགན་ལེན་དང་བདག་གཉེར་བྱེད་པའི་དབང་ཆ་ངོས་འཛིན་པའི་ཐོ་འགོད་དཔང་ཡིག་སྤྲོད་པའི་ཚོད་ལྟའི་ཁྱབ་ཁོངས་ཇེ་ཆེར་གཏང་དགོས། རོང་འབྲོག་ཁུལ་གྱི་ཁང་གཞི་དང་ཞིང་སྡེའི་ཐུན་མོང་གི་འཛུགས་སྐྲུན་ཐད་བཀོལ་བའི་ཞིང་ས་ངོས་འཛིན་ཐོ་འགོད་དཔང་ཡིག་སྤྲོད་པའི་བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་སྡེའི་ཞིང་ས་གཞུང་བསྡུ་དང་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་བཀོལ་བའི་ཞིང་ས་ཚོང་ར་རུ་ཞུགས་པ་དང་།ཁང་གཞི་ལམ་ལུགས་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་བྱ་བར་གཅིག་གྱུར་གྱིས་མཐུན་སྦྱོར་བྱ་དགོས། “ཁང་པ་དང་ཞིང་ས་གཞི་གཅིག་ཅན”གྱི་ཞིང་སྡེའི་ཁང་གཞི་དང་ཐུན་མོང་གི་འཛུགས་སྐྲུན་ཐད་བཀོལ་བའི་ཞིང་ས་ངོས་འཛིན་པའི་ཐོ་འགོད་དཔང་ཡིག་སྤྲོད་པའི་བྱ་བ་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏང་དགོས། ཐུན་མོང་གི་ནགས་ཞིང་འགན་ལེན་བདག་གཉེར་བྱེད་པའི་དབང་ཆ་གཏན་འཇགས་སུ་གཏོང་བ་དང་།ཞིང་ས་འགན་ལེན་དང་ཁང་གཞི་དང་ཐུན་མོང་གི་འཛུགས་སྐྲུན་ཐད་བཀོལ་བའི་ཞིང་སའི་ཐུན་མོང་ལ་དབང་བའི་དབང་ཆ་དངོས་འབེབས་བྱེད་པ། ཞིང་ཁྱིམ་གྱིས་ཁྲིམས་ལྟར་འགན་ལེན་བྱས་པའི་ཞིང་ས་དང་རྩྭ་ས།ཁང་གཞི།ནགས་ས་སོགས་བཟུང་བའི་དབང་ཆ་དང་བདག་གཉེར་བྱེད་པའི་དབང་ཆར་སྲུང་སྐྱོབ་བྱེད་དགོས་ཤིང་། རོང་འབྲོག་པར་སྔར་ལས་མང་བའི་རྒྱུ་ནོར་ཁེ་དབང་སྤྲོད་པ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་འཕར་བའི་ཁེ་སྤོགས་གློད་འགྲོལ་བྱ་དགོས། ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་མ་རྐང་གི་དབང་ཆའི་ནུས་པ་སྔར་ལས་ཆེར་སྐྱེད་པ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་མིན་གྱི་དབྱེ་མཚམས་གཅོད་པ་དང་། མ་རྩ་གཙང་བཤེར། བདག་གཉེར་རང་བཞིན་གྱི་རྒྱུ་ནོར་དེ་མ་རྐང་དུ་བརྩི་བ་བཅས་ཏན་ཏན་ཏིག་ཏིག་གིས་སྤེལ་ནས་ཞིང་པའི་ཐུན་མོང་རྒྱུ་ནོར་ཁེ་དབང་འགན་སྲུང་བྱ་དགོས། ཞིང་པའི་མ་རྐང་མཉམ་ལས་དཔལ་འབྱོར་འཕེལ་བར་སྣེ་ཁྲིད་ཅི་ཐུབ་བྱེད་ཅིང་རོང་འབྲོག་ཁུལ་གྱི་ཐོན་ཁུངས་ལས་ཕན་འབྲས་འབྱུང་དུ་འཇུག་པ། ཐོན་ཁུངས་མ་རྩར་འགྱུར་བ་དང་མ་རྩ་མ་རྐང་དུ་འགྱུར་བ། ཞིང་པ་མ་རྐང་འཇོག་མཁན་དུ་འགྱུར་བ་བཅས་ཀྱི་བཅོས་སྒྱུར་སྤེལ་ནས། རྒྱུན་ཆད་མེད་པར་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། རོང་འབྲོག་ཁུལ་གྱི“རྒྱུ་ནོར་གསུམ”ལ་ལྟ་སྐུལ་དོ་དམ་སྟེགས་བུ་གང་མགྱོགས་ཀྱིས་འཛུགས་དགོས། ཞིང་སྡེའི་ཐོན་དབང་འཁོར་རྒྱུག་ཚོང་ར་བསྐྲུན་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས། རོང་འབྲོག་ཁུལ་གྱི་ཞིང་ས་དང་རྩྭ་སའི་བདག་གཉེར་དབང་ཆ་ཚད་ལྡན་དང་གོ་རིམ་ཡོད་པའི་ངང་འཁོར་རྒྱུག་བྱེད་པར་སྣེ་ཁྲིད་ཅི་ཐུབ་བྱེད་ཅིང། བཟོ་ཚོང་མ་རྩ་ཡིས་ཞིང་ལས་ཀྱི་ཞིང་ས་བོགས་མར་གཏོང་བར་ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་པའི་ཤུགས་ཚད་ཇེ་དྲག་ཏུ་གཏང་དགོས། ཐོབ་ཐང་ཞིབ་དཔྱད་དང་ལས་གཞིར་ཞིབ་བཤེར། རིམ་པ་བགོས་ནས་སྙན་སེང་ཐོ་འགོད་བྱེད་པ། ཉེན་ཁ་འགོག་པའི་འགན་སྲུང་མ་དངུལ་སོགས་ཀྱི་ལམ་ལུགས་བཙུགས་ཏེ། རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་འགན་སྲུང་བྱ་དགོས།

27.རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཕྱི་ཤུགས་དྲག་ཏུ་གཏང་དགོས། རོང་འབྲོག་ཁུལ་གྱི་དངུལ་རྩ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཡོངས་ཁྱབ་ཏུ་གཟིགས་སྐྱོང་གནང་བའི་དངུལ་རྩ་འཕེལ་རྒྱས་སུ་བཏང་ནས། ཡོངས་ཁྱབ་ཏུ་གཟིགས་སྐྱོང་གནང་བའི་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་དགོས། ཞིང་ལས་དང་འབྲེལ་བའི་དངུལ་རྩ་ལས་ཁུངས་སྐྱེད་སྲིང་དང་ནང་འདྲེན་བྱས་ཏེ། ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་མ་རྐང་ལམ་ལུགས་སུ་བསྒྱུར་བའི་བཅོས་སྒྱུར་ཇེ་མགྱོགས་སུ་གཏང་དགོས། “གཞི་གཉིས་མཉམ་སྒུལ”གྱི་དངུལ་རྩའི་ཞབས་ཞུ་རྐྱེན་སྲོལ་གཏིང་ཟབ་ཏུ་ཁྱབ་གདལ་གཏང་དགོས། ཞིང་སྡེའི་འགན་ལེན་ཞིང་སའི་བདག་གཉེར་དབང་ཆ་དང་ཞིང་པའི་སྡོད་ཁང་དང་རྒྱུ་ནོར་ཁེ་དབང་གཏའ་མར་བཞག་ནས་དངུལ་བུན་སྐྱི་བའི་ཚོད་ལྟ་བྱ་བ་བརྟན་བརླིང་ངང་སྤེལ་དགོས།ཞིང་ཕྱུགས་ལས་ཀྱི་ཐེབས་རྩའི་མ་དངུལ་ཁག་ཐེག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། དངུལ་རྩའི་སྡེ་ཁག་གི་ཡིད་རྟོན་གྱི་ཁེབས་ཚད་རྒྱ་བསྐྱེད་ནས།“530”ཡིད་རྟོན་དངུལ་བུན་གྱི་ལས་གྲྭ་དངོས་འབེབས་ལ་སྐུལ་འདེད་བྱ་དགོས། དངུལ་རྩའི་ལས་ཁུངས་ལ་སྐུལ་མ་བཏང་ནས“ཞིང་གསུམ”ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེ་དང་ཞིང་ཁྱིམ་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྐུལ་སྤེལ་བྱས་ཏེ། ཁེབས་ཚད་ཀྱི་རྒྱ་བསྐྱེད་དགོས།སྤོ་བདེ་དངུལ་རྩ་སོགས་ཚན་རྩལ་བྱེད་ཐབས་གང་ལེགས་ཀྱིས་བེད་སྤྱོད་བྱས་ནས། དངུལ་རྩའི་ལས་ཁུངས་ལ་ཁྲིད་སྟོན་གྱིས་གྲོང་གསེབ་བར་དུ་བསྲིངས་ཏེ་ཞབས་ཞུ་བསྒྲུབ་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་དངུལ་གཏོང་ཐེབས་རྩ་སྣ་ཚོགས་འཚོལ་ཞིབ་བྱས་ནས་འཛུགས་དགོས།མ་རྩའི་ཚོང་ར་ཧུར་ཐག་གིས་བེད་སྤྱད་ནས།ཞིང་ཕྱུགས་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་ཐབས་ལམ་ཡངས་པོར་གཏོང་བ་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ཐེབས་རྩའི་མ་དངུལ་གྱི་མ་གནས་ཇེ་དམའ་རུ་གཏང་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་ཉེན་འགོག་དངོས་འབེབས་བྱེད་པ་དང། འདེབས་འཛུགས་ལས་རིགས་དང་ནགས་ལས་ཀྱི་འགན་གཙང་ལེན་ཁྱབ་ཁོངས་ཆེ་རུ་བཏང་ནས། འབྲོག་ལུག་དང་ནོར་གནག་གི་ཉེན་འགོག་ཁེབས་ཚད་རྒྱ་བསྐྱེད་དགོས། རོང་འབྲོག་པའི་རྒན་གསོ་བདེ་ཐང་ཉེན་འགོག་དང་གྲངས་འབོར་ཉུང་བའི་མི་ལུས་ཉེན་འགོག་སོགས་ཡོངས་ཁྱབ་ཏུ་གཟིགས་སྐྱོང་གནང་བའི་ཉེན་འགོག་ལས་སྒོ་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་དགོས། ཞིང་པའི་ཁང་པ་དང་ཞིང་ལས་འཕྲུལ་ཆས། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་རྒྱུ་ནོར་ཉེན་འགོག་སོགས་ཞིང་འབྲེལ་ཉེན་འགོག་ལས་སྒོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། རོང་འབྲོག་ཁུལ་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་ཁག་ཐེག་ཉེན་འགོག་ཚོད་ལྟ་བྱ་དགོས། གནོད་འཚེ་ཆེན་པོའི་ཉེན་འགོག་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བྱ་དགོས། ཡིད་རྟོན་ཆོག་པའི་རྫོང་དང་ཆུས། ཤང་གྲོང་། སྡེ་བ།  ཁྱིམ་ཚང་བཅས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། ཞིང་སྡེའི་ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུ་དང་དངུལ་རྩའི་མགོ་སྐོར་ལ་རྡུང་རྡེག་བཏང་ནས།  དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་ལ་དངོས་གནས་སྲུང་སྐྱོབ་བྱ་དགོས། རོང་འབྲོག་པའི་མཉམ་ལས་ཁང་གི་ནང་ཁུལ་མ་དངུལ་གྱིས་ཕན་ཚུན་རོགས་རམ་བྱེད་པའི་ཚོད་ལྟ་བརྟན་པོར་སྤེལ་བ་དང་། ཞིང་སྡེ་མཉམ་ལས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཐབས་ལམ་རྒྱ་བསྐྱེད་དགོས།

28.རོང་འབྲོག་ཁུལ་གྱི་བཅོས་སྒྱུར་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས། ཕྱོགས་ཡོངས་ནས“ཆུ་བདག་ལམ་ལུགས”སྐུལ་སྤེལ་བྱས་ནས། 2018ལོའི་ལོ་མཇུག་གི་སྔོན་དུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཆུ་བདག་དོ་དམ་མ་ལག་ཁྱོན་ཡོངས་ནས་འཛུགས་པར་ཁག་ཐེག་བྱས་ནས།  ཁག་བགོས་ཁུལ་གྱི་ཆུ་ལ་དོ་དམ་བྱེད་པའི་འགན་འཁྲི་གཙོ་བོ་ཁ་མིན་དོན་གྱིས་དངོས་འབེབས་བྱ་དགོས། ཆུ་བེད་ཐད་མ་དངུལ་གཏོང་བ་དང་བསྡུ་རུབ་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ནས། ཆུ་བེད་དངུལ་གཏོང་ཀུང་སི་ཕྱོགས་ཡོངས་ནས་འཁོར་སྐྱོད་བདག་གཉེར་བྱེད་པར་ཁག་ཐེག་བྱ་དགོས། ཆུ་བེད་བཟོ་སྐྲུན་ཆུང་བའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་ཞིང་སའི་ཆུ་བེད་བཅོས་བསྒྱུར། ཞིང་ལས་ཆུ་གོང་ཕྱོགས་བསྡུས་བཅོས་སྒྱུར་སོགས་ཀྱི་བྱ་བ་ནན་ཏན་གྱིས་ལེགས་སྒྲུབ་བྱ་དགོས། རྒྱལ་དབང་ནགས་ར་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་ནས།  ནགས་དབང་འཁོར་རྒྱུག་དོ་དམ་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་ཐུན་མོང་ནགས་དབང་འཁོར་རྒྱུག་དོ་དམ་ཞབས་ཞུ་སྟེགས་བུ་བསྐྲུན་དགོས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། མཁོ་འཚོང་མཉམ་ལས་ཁང་དེ་རྒྱུན་འཁོར་ཞབས་ཞུ་ནས་འགྲོ་ལམ་ཧྲིལ་པོའི་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རུ་བསྲིང་དགོས་པ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་རོང་འབྲོག་པའི་མཉམ་ལས་ཁང་གི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་དགོས།  ཞིང་ཕྱུགས་ར་ཁེ་ལས་ཅན་དང་ས་རྒོད་སློག་པའི་ས་ཁུལ་སྡེ་ཚོགས་ཅན་དེ་ནང་དོན་གཙོ་བོ་ཡིན་པའི་ས་རྒོད་གསར་སྦོལ་བཅོས་སྒྱུར་ལ་སྐུལ་འདེད་བྱས་ནས།  ཁེ་ལས་ཀྱིས་སྤྱི་ཚོགས་འགན་ནུས་རྩིས་སྤྲོད་པའི་སྲིད་གཞུང་དོ་དམ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་དང་ཟུང་དུ་སྦྲེལ་ནས།  རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་ཐོན་དབང་ལམ་ལུགས་ཀྱི་ཚོད་ལྟ་སྤེལ་དགོས། ཞིང་ལས་ས་བཀོལ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཐོན་རྫས་འཁྱག་ཉར་དང་ཐོག་མའི་ལས་སྣོན།  སྤྲོ་གསེང་བརྐོ་འཐུ། མཛོད་ཉར་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱ་དགོས།

བདུན། མགོ་ཁྲིད་ཐད་ཤུགས་བསྣན་ནས“ཞིང་གསུམ”བྱ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འབུད་པར་སྐུལ་འདེད་བྱ་དགོས།

“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རྩ་བར་འབྲེལ་བ་ཡོད་པས།  ངེས་པར་དུ“ཞིང་གསུམ”གནད་དོན་དེ་ཏང་ཡོངས་ཀྱི་བྱ་བའི“གལ་ཆེའི་ནང་གི་འགངས་ཆེན”དུ་འཇོག་པ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཁྱོན་ཡོངས་ནས་ཏང་གི་མགོ་ཁྲིད་ཐད་ཤུགས་བསྣན་ནས། “ཞིང་གསུམ”བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

29.“ཞིང་གསུམ”བྱ་བ་ཧྲིལ་པོའི་ཆུ་ཚད་མཐོ་རུ་འདེགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”གནད་དོན་ཐག་གཅོད་པ་དེ་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ།  ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་བྱེད་པའི་གདངས་དབྱངས་འགྱུར་མི་རུང་བ་དང་ཤུགས་ཚད་འཕྲི་མི་རུང་བ། བྱ་བའི་གནད་ས་དེ་ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྟེང་ལ་སྤོ་བསྒྱུར་བྱེད་དགོས་ཤིང་། སྲིད་ཇུས་གཏན་འབེབས་དང་བྱ་བ་བཀོད་སྒྲིག  ནོར་ཤུགས་གཏོང་འཇོག  ལས་བྱེད་པ་བཀོད་སྒྲིག་སོགས་ཕྱོགས་སོ་སོ་རུ་དངོས་འབེབས་དོན་འཁྱོལ་བྱ་དགོས།  རྒྱུན་ཆད་མེད་པར་ཏང་ཨུས་གཅིག་གྱུར་མགོ་ཁྲིད་བྱེད་པ་དང་ཏང་སྲིད་ཀྱིས་མཉམ་འཛིན་དོ་དམ་བྱེད་པ།  ཏང་ཨུའི་ཞིང་སྡེ་བྱ་བ་ཕྱོགས་བསྡུས་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། སྡེ་ཁག་སོ་སོས་རང་རང་གི་འགན་ཁུར་པའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། སྐབས་བརྗེའི་རྗེས་སུ་གསར་དུ་བསྐོ་འཇོག་བྱས་པའི་ཞིང་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་གསོ་སྦྱོང་ལ་ཤུགས་བསྣན་དགོས། “ཞིང་གསུམ”གྱི་འཐབ་ཇུས་གོ་གནས་དང་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་ལེགས་པར་ཁོང་དུ་ཆུད་དགོས་པ་དང་།  ཞིང་པའི་རེ་འདུན་གསར་པ་དང་བསྟུན་ནས་མང་ཚོགས་ཀྱི་རེ་བར་སེམས་ཁུར་དང་གནད་དོན་འབུར་ཐོན་ཐག་བཅད་ནས། “ཞིང་གསུམ”བྱ་བའི་ཆུ་ཚད་མཐོ་རུ་འདེགས་དགོས། “ཞིང་གསུམ”གྱི་སྔོན་མཐོང་རང་བཞིན་དང་ཁྱོན་ཡོངས་རང་བཞིན། གསོག་འཇོག་རང་བཞིན་གྱི་སྲིད་ཇུས་ཞིབ་འཇུག་ལ་ཤུགས་བསྣན་ནས། ཇུས་ཆོད་གྲོས་འདྲི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རོང་འབྲོག་པའི་ལག་ལེན་གསར་གཏོད་ལ་བརྩི་འཇོག་བྱས་ནས།  གཞི་རིམ་དུ་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་མ་གཏོང་བ་དང་།  སྐུལ་མའི་རྐྱེན་སྲོལ་དང་གུ་ཡངས་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།  ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།  རོང་འབྲོག་ཁུལ་གྱི་ཐོན་དབང་སྲུང་སྐྱོབ་དང་ཞིང་ཕྱུགས་ལས་ཀྱི་ཚོང་ར་ཚད་ལྡན་འཁོར་སྐྱོད།  ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ། ཞིང་ཕྱུགས་ལས་ཐོན་ཁུངས་ཁོར་ཡུག་ལ་སོགས་པའི་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏང་དགོས།  ཏན་ཏིག་གིས་རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པ་ལེགས་སྒྲུབ་བྱ་དགོས།

30.རོང་འབྲོག་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་ཐད་མུ་མཐུད་དུ་ཤུགས་བསྣན་དགོས། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་བྱེད་པ་དང་།  ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་གཞི་རིམ་དུ་བསྲིང་བ་དང་།  ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ནས། ཤང་ཧྲིལ་པོར་སྐུལ་འདེད་དང་རྫོང་ཧྲིལ་པོར་མཐོར་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་དངོས་གནས་ཤུགས་བསྣན་དགོས། “ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་སྐོར་སྐབས་བརྗེའི་བྱ་བ་ལེགས་སྒྲུབ་དང་།  རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མཁན་ལེགས་པར་འདེམས་པ་དང་ལེགས་པར་དོ་དམ། ལེགས་པར་བཀོལ་སྤྱོད་བཅས་བྱས་ནས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་རྫོང་རིམ་པའི་ཐོ་འགོད་དོ་དམ་བྱེད་པ་ལག་བསྟར་བྱ་དགོས། “རྗེས་ལུས་དག་ཐེར་དང་དཀྱུས་མར་སྐུལ་འདེད། སྔོན་ཐོན་སྲ་བརྟན”བྱེད་པའི་རྩ་དོན་ལྟར་གོ་གནས་སྤར་བར་སྐུལ་འདེད་བྱེད་པ་དང་། ནུས་མེད་ཉམས་ཞན་སྡེ་བའི་ཏང་རྩ་འཛུགས་ལ་བསྟུད་མར་དག་ཐེར་བྱས་ནས། གནད་དོན་གྱི་རྩིས་ཁྲ་གསལ་པོ་བྱེད་པ་དང་ལེགས་བཅོས་ཀྱི་རྩིས་ཐོ་གསར་དུ་འཛུགས་དགོས།  སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་བཏང་ནས། སྡེ་བ་རིམ་པའི་འཁོར་རྒྱུག་གྲོན་དངུལ་གྱི་འགུལ་རྣམ་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ཤིང་། རིམ་གྱིས་སྡེ་བའི་ལས་བྱེད་པའི་གླ་ཆ་ཇེ་མཐོར་གཏོང་བ་དང་། “རྒན་གསུམ”མི་སྣར་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་འོས་འཚམ་གྱིས་མཐོ་རུ་གཏང་དགོས། རོང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི“གཉིས་སྦྱོར་གཉིས་འདེམ”ལམ་ལུགས་ཤུགས་ཆེན་པོས་སྐུལ་སྤེལ་བཏང་ནས། ཕུལ་དུ་བྱུང་བའི་རོང་འབྲོག་པའི་ཁྲོད་ནས་ཏང་ཡོན་སྐྱེད་སྲིང་འཕེལ་རྒྱས་གཏོང་བའི་ཤུགས་ཚད་ཆེ་རུ་གཏང་དགོས།

31.གྲོང་ཚོ་བཅོས་སྐྱོང་གི་རྐྱེན་སྲོལ་གསར་སྐྲུན་དང་འཐུས་ཚང་དུ་གཏང་དགོས། སྡེ་དམངས་རང་སྐྱོང་རྐྱེན་སྲོལ་གསར་གཏོད་བྱ་དགོས། བདེ་འཇགས་ཀྱི་ཤང་གྲོང་དང་གྲོང་སྡེ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས། སྡེ་དམངས་ཀྱིས་སྡེ་དོན་ལ་ནུས་ལྡན་གྱིས་ལྟ་སྐུལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྡེ་བའི་ལས་བྱེད་པས་དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་ཐག་གཅོད་ཅི་ཐུབ་བྱ་དགོས། རོང་འབྲོག་པའི་ཁུར་པོ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། ཞིང་པ་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་འབུར་ཐོན་གནད་དོན་ཆེད་དམིགས་སྒོས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས།  རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ།  རྫོང་ཤང་སྡེ་བ་རིམ་པ་གསུམ་གྱི་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་།  རོང་འབྲོག་ཁུལ་གྱི་བདེ་འཇགས་འགོག་ཟོན་མ་ལག་འཐུས་ཚང་དུ་གཏང་དགོས། རོང་འབྲོག་ཁུལ་གྱི་བདེ་འཇགས་གནད་དོན་གཙོར་བཟུང་སྟེ་ཆེད་དམིགས་བཅོས་སྐྱོང་བྱས་ནས། འཆལ་སྐུགས་དུག་གསུམ་དང་ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སོགས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱ་དགོས། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་དཀྲུག་པ་དང་རོང་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པའི་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས། རོང་འབྲོག་ཁུལ་གྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོབ་བྱ་དགོས།

32. རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ།  རོང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་དམངས་གཙོའི་ཁྲིམས་སྐྱོང་འདུ་ཤེས། སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  ཁ་དན་ཚིག་གནས་སློབ་གསོར་ཤུགས་བསྣན་ནས།  གན་རྒྱའི་སྙིང་སྟོབས་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏང་དགོས་ཤིང་། རོང་འབྲོག་པའི་དཔལ་ཡོན་གྱི་བྱང་ཚད་དང་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་ཇེ་མཐོར་གཏང་དགོས།  རོང་འབྲོག་ཁུལ་གྱི་སྲོལ་ངན་བསྒྱུར་བའི་བྱ་བར་ཤུགས་བསྣན་ནས།  མང་ཚོགས་ལ་རྒྱས་སྤྲོས་ཆུད་ཟོས་དང་མནའ་མ་བསུ་ལེན།  གཤིན་པོ་དུར་སྐྱེལ་གྱི་ཆོ་ག་རྣམས་རྒྱས་གཤོམ་དང་ངོ་སོའི་བུ་ལོན་སོགས་ཀྱི་སྲོལ་རྙིང་གོམས་ངན་མཐའ་དག་བཀག་ནས་ཡ་རབས་ཚུལ་མཐུན་གྱི་དཔལ་ཡོན་ཡུལ་སྲོལ་གཟུག་པར་ཁྲིད་སྟོན་བྱ་དགོས། རོང་འབྲོག་པར་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་ཉམས་མེད་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས།  མཐུན་སྒྲིལ་རོགས་རེས་དང་དབུལ་སྐྱོར་དཀའ་སེལ།  འདྲ་མཉམ་བརྩེ་བྱམས།  འགྲིག་པོ་འཆམ་མཐུན་ཡིན་པའི་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་གོམས་སྲོལ་གསར་པ་ཞིག་ཆགས་པར་སྐུལ་འདེད་བྱ་དགོས།  དཔལ་ཡོན་སྡེ་གྲོང་དང“སྐར་ལྔ་རིམ་པའི་དཔལ་ཡོན་དུད་ཁྱིམ”དང“ལྔ་བཟང་དཔལ་ཡོན་ཁྱིམ་ཚང”གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་འཚམ་པོ་ཡིན་པ་དང། ཞིང་སྡེ་གསར་པའི་འཛུགས་སྐྲུན་དང་མཐུན་པའི་ཁྱིམ་སྲོལ་བཟང་པོ་དང་དཔལ་ཡོན་ཡུལ་སྲོལ། ཡུལ་བཟང་རིག་གནས་གསར་པ་བཅས་གསོ་སྐྱོང་དར་སྤེལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ལས་འགན་ནི་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི་བས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཡིད་ཆེས་བརྟན་བཅངས་དང་གསར་གཏོད་ཡར་བརྩོན། བྱ་བ་ནན་སྒྲུབ་བཅས་བྱས་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བར་རྣམ་པ་གསར་པ་ཞིག་ཧུར་བརྩོན་གྱིས་བསྐྲུན་དགོས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་བར་བྱས་རྗེས་གསར་པ་འཇོག་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱ་དགོས།།