ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བློ་འདྲི་བྱ་བའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུའི་གྲོས་ཚོགས་བསྡུས་པ།

ཉེ་སྔོན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བློ་འདྲི་བྱ་བའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུའི་གྲོས་ཚོགས་བསྡུས་ཏེ།   ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི“སྐྱེ་ཁམས་ཆེན་པོ་ལྔའི”སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་གནས་ཚུལ་སྙན་ཞུ།   བློ་འདྲི་བྱ་བའི་གྲ་སྒྲིག་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།

  གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་གནས་ཚུལ་སྙན་ཞུ།   བློ་འདྲི་བྱ་བའི་གྲ་སྒྲིག་གནས་ཚུལ་ཐད་ཀྱི་ཆེད་དོན་སྙན་ཞུ་ཕུལ་བ་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྙན་ཞུ་ལ་ཁ་གསབ་བྱས།

 ཚའོ་ཝུན་ཧའོ་ཡིས་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་ཁས་ལེན་བྱས།  དེ་དང་མཉམ་ཏུ་ཁོས་བསྟན་དོན།  ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་སྟེང་ཚད་མཐོའི་མཐོང་ཆེན་བྱས་ཏེ་འདུ་ཤེས་བཞི་དངོས་ནས་ཇེ་དྲག་ཏུ་གཏང་དགོས་ཟེར།     ཆེད་དོན་བློ་འདྲི་བྱ་བ་དམ་འཛིན་བྱས་ཏེ་རང་ཞིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་ཞིབ་ཕྲའི་བྱ་བའི་སྟེང་ནས་དོན་འཁྱོལ་ཡོང་ཐུབ་པར་བྱེད་དགོས་ཟེར།  

ཚའོ་ཝུན་ཧའོ་ཡིས་ནན་གྱིས་བསྟན་དོན།   ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བློ་འདྲི་མ་བྱས་གོང་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྣམ་གྲངས་སོ་སོའི་གྲ་སྒྲིག་བྱ་བ་ཞིབ་ཕྲའི་སྒོ་ནས་ལེགས་པོར་བསྒྲུབ་དགོས་ལ།  བློ་འདྲི་བྱེད་པར་གྲ་སྒྲིག་བྱེད་དགོས།   དྲི་བར་ལན་འདེབས་པའི་སྐབས་སུ་དོན་དངོས་ཀྱི་ལན་བཏབ་ཏེ་དྲི་བ་དྲིས་པ་གནད་ལ་འཁེལ་ཡོད་པ་དང་ལན་བཏབ་པ་ཡང་གསལ་བོ་ཡིན་དགོས།    ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།    སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས།  དམངས་ཚིས་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་གཅིག་གྱུར་གྱིས་བསམ་བློ་བཏང་སྟེ་ཆེད་དོན་བློ་འདྲི་ལ་གྲུབ་འབྲས་ལོན་པར་འགན་ལེན་བྱེད་དགོས་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།