བ་ཡན་རྫོང་གིས་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་ཐོག་མ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་ཐོག་མ་དེ་ཀ་མདོ་གྲོང་རྡལ་ཨ་ཝ་ཐང་སྡེ་བའི་ཀན་དམར་པོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་བཙུགས་པ་རེད།

ཉེ་བའི་ལོ་འགའི་རིང་དུ། བ་ཡན་རྫོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཐོབ་པ་དང་། དབང་པོ་སྐྱོན་ཅན་གྱི་འཚོ་བའི་གནས་བབ་ལེགས་བཅོས་ཆེན་པོ་ཐོབ་ཡོད། བ་ཡན་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཀྲང་ཅོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བཙུགས་པར་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་རང་རྟོན། རང་གཅེས་དང་རང་ཚུགས་ཀྱི་འབད་འཐབ་སྙིང་སྟོབས་ཚོར་ཐུབ་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་ཚོར་ཐུབ་པས།  རྟེན་གཞི་བཙུགས་པ་དང་འཕེལ་རྒྱས་བྱུང་བ་དེ་དབང་པོ་སྐྱོན་ཅན་མང་པོར་དབུལ་མཐར་ཕྱུག་འགྱུར་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་རྒྱུ་རེད།  

མཉམ་ལས་ཁང་གི་འགན་འཁུར་བ་ཧན་མུའུ་ཧའེ་ཡིས་བཤད་རྒྱུར། ཀན་དམར་པོ་གསོ་སྤེལ་ཆེན་ལས་མཉམ་ལས་ནི་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་དང་སྐྱེ་ཁམས་ཕྱུག་ཟོག་དང་ཁྱིམ་བྱ་གསོ་སྤེལ་བཅས་གཞི་གཅིག་ཅན་གྱི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་རྟེན་གཞི་དང་བ་ཡན་རྫོང་གི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་ཐོག་མ་ཡིན་ལ། འདིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྡེ་ཁག་དང་མཉམ་དུ་དབང་པོ་སྐྱོན་ཅན་ལ་ཟབ་སྦྱོང་དང་ལས་ཞུགས་ལས་གཏོད་ལས་དོན་ལེགས་པར་བསྒྲུབ་པར་གཞོགས་འདེགས་བྱས་ཏེ་དབང་པོ་སྐྱོན་ཅན་མང་པོ་ཞིག་ལ་ལས་ཞུགས་ལས་གནས་མཁོ་འདོན་དང་ལས་གཏོད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པ། ལས་སྟེགས་བཟང་པོའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་ནུས་ཤུགས་འབུལ་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།