ཝང་ཡུས་པོ་ཡིས་མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭའི་བྱ་བར་རྟོག་ཞིབ་བྱས་ཏེ་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པར་བསྟན།

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོས་བརྡ་མ་བརྒྱབ་པར་ཐད་ཀར་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱི་ནང་དུ་སོང་ནས། མཐོ་རིམ་དགེ་སློབ་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། སློབ་རའི་བདེ་འཇགས་བྱ་བར་ཞིབ་བཤེར་བྱས། ཁོས་མཐོ་རིམ་སློབ་གྲྭས་དགེ་སློབ་ཡོངས་རྩ་འཛུགས་བྱས་ཏེ་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པོ་སྔ་གཞུག་ཏུ་སློབ་གྲྭ་གཉིས་ཀའི་སློབ་ཁྲིད་ཐོག་ཁང་དང་དཔེ་མཛོད་ཁང་། སློབ་མའི་ཉལ་ཁང་བཅས་སུ་སོང་ནས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཁྲིད་དོ་དམ་བྱ་བ། སློབ་རའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད། དགེ་སློབ་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་བགྲོ་གླེང་དང་དེའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས། དགོང་མོ་དེར་མཚོ་སྔོན་སློབ་ཆེན་ས་ཤིང་བཟོ་སྐྲུན་སློབ་གླིང་གི་ཉིས་སྟོང་བཅུ་བདུན་ལོའི་ཆུ་འདོན་ཆུ་འབུད་འཛིན་གྲྭའི་དགེ་སློབ་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་བརྗོད་དོན་དུ་བཟུང་ནས་འཛིན་ཚོགས་བསྡུ་བཞིན་ཡོད་ཅིང་། ཝང་ཡུས་པོ་སློབ་ཁང་ནང་དུ་འཛུལ་ནས་སློབ་གྲོགས་རྣམས་ཀྱི་གཏམ་བཤད་ལ་གཟབ་ཉན་བྱས། ཁོས་དེར་འདུས་ཀྱི་སློབ་མ་ཡོངས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་ནན་མོ་བྱེད་པ་དང་། ཧུར་བརྩོན་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ལ་ཁ་ཡིག་ཡར་ལྟ་བྱེད་པ། ཕུགས་བསམ་ལྡན་ལ་ནུས་པ་ཡོད་པ། འགན་འཁྲིའི་འདུ་ཤེས་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་སློབ་ཆེན་པ་ཞིག་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མི་སྒེར་གྱི་གསར་གཏོད་ལས་སྐྲུན་གྱི་ཕུགས་བསམ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འདུན་མ་གཉིས་མཉམ་འདྲེས་ཡོང་བར་འབད་དེ། སློབ་སྦྱོང་ལ་དཀའ་སྤྱད་སྡུག་རུས་བྱས་ནས་མ་འོངས་པར་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པར་གདམས་པ་ལས་གཞན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་འཛུགས་སྐྲུན་ལ་བྱས་རྗེས་གསར་བ་འཇོག་ཐུབ་དགོས་པའི་སྐུལ་མ་བཏང་།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་དུས་ལྟར་དགེ་སློབ་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་སློབ་གསོའི་བྱ་བ་འདི་ཉིད་བསླབ་དེབ་དང་སློབ་ཐུན། བསམ་བློ་བཅས་སུ་འདྲེས་པར་སྐུལ་འདེད་གཏོང་དགོས་པ་ལས་གཞན། མི་ཚེའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འཐབ་རྩོད་ཁ་ཕྱོགས་ཇེ་གསལ་དུ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཐབས་ལག་བསྟར་དངོས་འབེབས་བྱེད་པ། ཀུན་སྤྱོད་བཟང་ལ་རང་ཚུགས་ཐུབ་པའི་མི་བཟང་བོ་སྐྱེད་སྲིང་བྱེད་པ། མཐོ་རིམ་སློབ་གྲྭའི་ནང་སྙིང་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་བཅས་ལ་འབད་མཐར། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྟོག་བཅས་འཛོམས་པོ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།