རང་ཞིང་གིས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་འགོ་བརྩམས་ཤིང་། ལྗོངས་ཁུལ་ཁག་གི་པ་སེ་གོང་ཇེ་བདེར་བཏང་ཡོད་པ།

ཟླ༡༠བའི་ཚེས༢༡ཉིན་ལ། ༢༠༡༧ལོ་ནས་༢༠༡༨ལོའི་མཚོ་སྔོན་ཞིང་ཆེན་དགུན་དཔྱད་དུས་ཚིགས་གཉིས་ཀྱི་ཡུལ་སྐོར་བསུ་བའི་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སྤེལ་ཞིང་། མཛད་སྒོའི་ཉིན་མོར་བྱེད་སྒོ་རིགས་ཆེན་པོ་བཅུ་ལྷག་སྤེལ་ཡོད་པ་རེད། གསར་འགོད་པས་མཛད་སྒོའི་ཐོག་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཚོགས་པའི་དུས་འདིར།  རང་ཞིང་གིས་རབ་མཛེས་ཡུལ་ལྗོངས་མྱུལ་ནས་རབ་མཛེས་དགུན་ལྗོངས་ལ་ལྟ་ཞིང་རབ་མཛེས་དམངས་སྲོལ་ལ་རོལ་ཞེས་པའི་༢༠༡༧ལོ་ནས་༢༠༡༨ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཚིགས་གཉིས་ཀྱི་ཡུལ་སྐོར་མགྲོན་བསུའི་སྒོ་མོ་དངོས་སུ་ཕྱེས།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་ཁག་དང་ཁུལ་ཁག་གིས་གཟུགས་མེད་ཤུལ་བཞག་ཆོས་ལུགས་རིག་གནས་ཀྱི་ཡུལ་སྐོར་དང་།  མཛེས་ལྗོངས་འཚོལ་སྡུད་ཀྱི་པར་ལེན་ཡུལ་སྐོར། ཤང་དང་གྲོང་ཚོར་མཛེས་ལྗོངས་ལ་ལྟ་ཞོར་ཟས་བཅུད་ལ་རོལ་བའི་ཡུལ་སྐོར།  སྒེར་འཁོར་བསྐོར་བའི་ཡུལ་སྐོར།  དགུན་དུས་ཀྱི་དར་དང་གངས་ཤུད་ཡུལ་སྐོར།  དམངས་སྲོལ་མྱོང་རོལ་ཡུལ་སྐོར་ལ་སོགས་པའི་ཡུལ་སྐོར་བྱེད་སྒོ་རིགས་ཆེན་པོ་བཅུ་ལྷག་ལ་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས།

ད་ལྟ་མཚོ་སྔོན་གྱི་དགུན་དཔྱིད་ཡུལ་སྐོར་ཉིན་རེ་བཞིན་ཇེ་ཆེ་དང་། ཡུལ་སྐོར་གྱི་ནང་དོན་མུ་མཐུད་ནས་སྣ་མང་དུ་གྱུར་སྟབས།  ཉེ་བའི་ལོ་ལྔའི་ཚུན་ལ་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་མི་ཐེངས་དེ་དུས་མཚུངས་ལས་བརྒྱ་ཆའི་༢༠ཡན་ལ་འཕར་ཡོད་པ་དང་།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་དེ་དུས་མཚུངས་ལས་བརྒྱ་ཆའི་༣༠ཡན་འཕར་ཡོད་པ་རེད། ༢༠༡༧ལོ་ནས་༢༠༡༨ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་གྱིས་རང་ཞིང་གི་དགུན་དཔྱིད་ཡུལ་སྐོར་གྱི་ཐོན་རྫས་གསར་བ་དང་། ལམ་ཐིག་གསར་བ། དེ་མིན་དམངས་སྲོལ་ཡུལ་སྐོར། སྒེར་འཁོར་ཡུལ་སྐོར།  ཤང་དང་གྲོང་ཚོའི་ཡུལ་སྐོར།  དར་ཤུད་དང་གངས་ཤུད་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། པར་ལེན་ཡུལ་སྐོར་ལ་སོགས་པའི་ཡུལ་སྐོར་གྱི་ལས་རྣམ་གསར་བ་ཞིག་སྒོ་ཀུན་ནས་ངོམ་བསྟར་རྒྱུ་ཡིན་པས། གྲོང་ཁྱེར་དང་ཁུལ་ཁག་གི་ཡུལ་སྐོར་སྡེ་ཚན་གྱིས་སོ་སོའི་དགུན་དཔྱིད་ཡུལ་སྐོར་གྱི་གཟིགས་སྐྱོང་བྱེད་ཐབས་ཁྱབ་བསྒྲགས་བྱས་ཡོད།
         དེ་རིང་ནས་སང་ལོའི་ཟླ་གསུམ་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་མང་ཤས་དང་མགྲོན་ཁང་མང་ཤས་ཀྱིས་གཟིགས་སྐྱོང་ཚད་མི་འདྲ་བ་རེ་ལག་བསྟར་བྱ་རྒྱུ་སྟེ།  བྱེ་བྲག་ཏུ་༢༠༡༧ལོའི་ཟླ༡༡པའི་ཚེས༡ཉིན་ནས་༢༠༡༨ལོའི་ཟླ༣པའི་ཚེས༣༠ཉིན་བར་དུ། ཟི་ལིང་གྲོང་ཁྱེར་ཕུ་ཉིང་གི་མུ་ཏིག་ཅེས་པའི་ལྗོངས་གཟིགས་མཆོད་རྟེན་གྱི་པ་སེ་གོང་དེ་མི་རེར་སྒོར༢༥ཡིན་པ་དང་། བོད་སྨན་ཁང་རྟེན་རྫས་བཤམས་སྟོན་ཁང་གི་ཀུན་འདུས་ཞལ་ཐང་ཆེན་མོའི་པ་སེ་གོང་མི་རེར་སྒོར༤༩རེད།

 མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཡུང་ལོ་དམངས་སྲོལ་བཤམས་སྟོན་ཁང་གི་པ་སེ་གོང་མི་རེར་སྒོར༡༢༠ཡིན་པ་དང་། ཧོར་གྲོང་ཧོར་རིགས་ཕ་ཡུལ་གླིང་མཛེས་ལྗོངས་ཁུལ་གྱི་པ་སེ་གོང་མི་རེར་སྒོར༡༠༠རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཉིང་རྡུལ་གྲོང་གི་ཝང་ལའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་གི་པ་སེ་སྒོར༢༥ཡིན་པ་དང་། སྲུང་སྐར་ས་ཚིགས་ཀྱི་པ་སེ་སྒོར༡༠། འགད་གཏོར་ཚོད་ལྟ་ར་བའི་པ་སེ་སྒོར༣༠། ཡན་ལག་བཟོ་གྲྭའི་པ་སེ་སྒོར༢༠བཅས་ཡིན་པ་དང་། བཙུན་མ་དམར་མོ་མའི་མཛེས་ལྗོངས་ཁུལ་གྱི་པ་སེ་སྒོར༣༠དང་། ཨ་མྱེས་སྟོང་སོ་ལྗོངས་ཁུལ་གྱི་པ་སེ་སྒོར༡༥། རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་མདོ་ལ་རི་བའི་སྣོད་བཅུད་ཕྱུགས་ར་དང་། གངས་དཀར་རི་བོ་སོགས་ཀྱི་ཡུལ་སྐོར་ལྗོངས་ཁུལ་བཅས་སུ་པ་སེ་ཉོ་མི་དགོས་པ་བྱས་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་(མ་ཎི་འཁོར་ཆེན)གྱི་པ་སེ་གོང་སྒོར༣༠ཡིན་པ་དང་།  ཆོས་རྒྱལ་ལྷ་ཁང་དང་འོམ་བུ་གདོང་སྣའི་པ་སེ་སྒོར༢༥ཡིན་པ་དང་། དྭངས་གཙང་རྨ་ཆུ་རྒྱལ་ཁབ་ན་འདམ་སྤྱི་གླིང་གི་ཆིན་ཙི་ཧུའུ་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་ས་གཤིས་སྤྱི་གླིང་ལྗོངས་ཁུལ་གཉིས་ལ་༢༠༡༨ལོ་ནས་པ་སེ་ཉོ་མི་དགོས་པ་བྱས་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལུ་ཁེ་མཚེའུ་ཡི་པ་སེ་སྒོར༡༠ཡིན་པ་དང་། ཀྲེ་ཅིང་ནས་ཡིན་པའི་ཡུལ་སྐོར་བ་རྣམས་ཀྱིས་པ་སེ་ཉོ་མི་དགོས་པ་བྱས་ཡོད།  

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ལྗོངས་རྒྱུ་པ་སེ་ཡོངས་ཉོ་མི་དགོས་པ་བྱས་ཡོད།

༢༠༡༧ལོའི་ཟླ༡༠བའི་ཚེས༡༥ཉིན་ནས་༢༠༡༨ལོའི་ཟླ༤བའི་ཚེས༡༤ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་གླང་ཆེན་མཆེ་བ་གཉིས་པའི་ལྗོངས་ཁུལ་གྱི་པ་སེ་གོང་དེ་སྔའི་སྒོར༡༠༠ནས་སྒོར་༥༠རུ་བཏང་ཡོད་པ་དང་། མཚོ་ཆུང་ནོར་བུ་ལྗོངས་ཁུལ་གྱི་པ་སེ་གོང་དེ་སྔའི་སྒོར༦༠ནས་སྒོར༣༠རུ་བཅས་གོང་ཇེ་བདེར་བཏང་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།