ཞིང་ཆེན་རྩ་རླུང་སྒོམ་སྦྱོང་གི་སྤེལ་རེས་ཚོགས་ཆེན་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10བའི་ཚེས24ཉིན། 2017ལོའི་མཚོ་སྔོན་ཞིང་ཆེན་རྩ་རླུང་སྒོམ་སྦྱངས་སྤེལ་རེས་ཚོགས་ཆེན་དེ་ཟི་ལིང་དུ་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རྩ་རླུང་སྒོམ་སྦྱོང་ལ་དགའ་མཁན་1000ལྷག་གིས་རྩ་རླུང་སྒོམ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་པ་སྐྲུན་པར་ནུས་ཤུགས་བཏོན་པ་རེད།

རྩ་རླུང་སྒོམ་སྦྱོང་ནི་རང་ངོས་གཟུགས་དབྱིབས་ཀྱི་བྱེད་སྒོ་དང་དབུགས་འབྱིན་རྔུབ། སེམས་ཁམས་སྙོམ་སྒྲིག་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པར་གཙོ་བོར་བཟུང་ནས་ལུས་སྦྱོང་བྱེད་སྟངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། ཐེངས་འདིའི་འགྲན་བསྡུར་གྱིས་རྩ་རླུང་སྒོམ་རྒྱུ་དགའ་མཁན་དག་ལ་ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཐོ་རུ་གཏོང་བའི་སྟེགས་བུ་ཞིག་སྐྲུན་པ་མ་ཟད། ཚང་མར་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་གོ་སྐབས་གཏོད་པ་རེད།

ཉེ་བའི་ལོ་འགའི་རིང་དུ། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བརྟེན་ནས་མི་མང་པོ་ཞིག་གིས་ལུས་གསོ་སྦྱོང་བརྡར་བྱེད་པར་དོ་ཁུར་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ཚན་རིག་དང་མཐུན་པའི་བདེ་ཐང་སྦྱོང་བརྡར་གྱིས་རང་ཉིད་ཀྱི་ལུས་ཕུང་གི་བྱང་ཚད་མཐོ་རུ་གཏོང་བ་རེད། མཚོ་སྔོན་ཞིང་ཆེན་གྱི་རྩ་རླུང་སྒོམ་པའི་བྱེད་སྒོ་ཡང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བཞིན་ཡོད་ལ། ས་ཚིགས་འཛུགས་སྐྲུན་དང་བྱ་འགུལ་སྤེལ་བ། ལས་སྒོ་སྦྱོང་བརྡར་དང་ཁྱབ་གདལ་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

 མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་རོགས་སྐྱོར་འོག་ཏུ། ཉེ་བའི་ལོ་འགའི་ནང་རྩ་རླུང་སྒོམ་པའི་མཚོ་སྔོན་གྱི་ཁྱབ་གདལ་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པ་དང་། གྲོགས་པོ་རྒན་པ་ཚོས་དགའ་བསུ་ཐོབ་ལ། ཁོ་ཚོར་ལུས་སྦྱོང་ལས་སྟེགས་བཟང་པོ་ཞིག་སྐྲུན་པས། མཚོ་སྔོན་ཞིང་ཆེན་གྱི་རྩ་རླུང་སྒོམ་སྦྱོང་གི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་སོང་བ་རེད།  བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་བཤད་རྒྱུར། ད་སྔ། རང་ཞིང་གི་རྩ་རླུང་སྒོམ་སྦྱོང་གི་བྱེད་སྒོའི་ས་ཚིགས་100ལྷག་ཡོད་པ་དང་། སྦྱོང་བརྡར་བྱེད་མཁན་མི་ཁྲི་གཉིས་ལས་བརྒལ་བས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ཐད་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།