མི་རིགས་གླུ་བྲོ་སྙན་ངག་ཟློས་གར་ཚོན་མདོག་གི་མགོ་ལོག་ཞེས་པ་འཁྲབ་སྟོན་བྱས་པ།

གླུ་བྲོ་སྙན་ངག་ཟློས་གར་ཨ་མྱེས་རྨ་ཆེན་དུ་འཛོམས་པ། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་ལམ་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་བློ་སེམས་རྩེ་གཅིག་གིས་གསར་རྩོམ་གནང་བའི་ཚོན་མདོག་གི་མགོ་ལོག་ཞེས་པ་དེ་ཞིང་ཆེན་རིག་གནས་ཁང་གི་མང་ཚོགས་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ཚར་རྗེས་མཇུག་བསྡུ་ལ་ཉེ་དུས། གྲོང་ཁྱེར་གྱི་ལྟད་མོ་ཞིས་ཀྲང་ཝུའུ་ཡིས་ཚོན་མདོག་གི་མགོ་ལོག་ཞེས་པའི་ཟློས་གར་དེ་ངའི་མིག་ལམ་དུ་ཤར་མ་ཐག་ནང་སེམས་བརྒྱུད་ཚོར་ཤེས་ལ་གཡོ་འགུལ་ཆེན་པོ་ཐེབས་སུ་བཅུག་བྱུང་།  མགོ་ལོག་གི་རང་བྱུང་དང་མི་རིགས་གོམས་སྲོལ་གྱིས་ང་ཚོ་ཕུགས་འདུན་ཡངས་བའི་རྒྱང་རིང་གི་གནས་མཆོག་ཤིག་ཏུ་ཁྲིད་སོང་ཞེས་གསར་འགོད་པར་ལན་བཏབ།

སྐྱེས་མའི་ཞབས་བྲོ་སྙན་དབང་གསོ་བའི་བཞོ་དབྱངས། 

འཁྲབ་སྟོན་གྱི་དགོང་མོ་ཚོགས་ར་ཧྲིལ་བོའི་འདུག་སྟེགས་ཡོངས་སུ་ཁེངས་ཤིང་། མཛེས་སྡུག་གི་རྣམ་པ་དེའི་འགྱུར་ལྡོག་ཁྲོད་ཟློས་གར་དེ་གོམ་བགྲོད་དང་གོམས་སྲོལ། གཉེན་སྟོན། དད་སྟོབས། རྒྱང་གླུ་རིང་མོ་སོགས་ལེའུ་ཆེན་པོ་ལྔ་ཡིས་གྲུབ་ཡོད་ལ། ལྷ་རིའི་ཁོངས་གསེང་དུ་ཡིབ་པའི་མགོ་ལོག་གི་རི་ཆུ་དང་མི་ཆོས། གོམས་སྲོལ། གླུ་གར་སོགས་ངོ་བོ་གཅིག་ཏུ་བསྲེས་ནས་བརྩེ་དུང་གི་གཏམ་རྒྱུད་གཅིག་གི་ཁྲོད་དུ་སྦྲེལ་ནས་མི་རིགས་གླུ་བྲོ་སྙན་ངག་ཟློས་གར་ཆེན་མོ་དེ་གྲུབ་ཡོད།

སྐྱེས་པའི་ཞབས་བྲོ་པི་ཝང་གི་བརྩེ་བ། 

མགོ་ལོག་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་ཁྲིན་ལེན་གྱིས་གསར་འགོད་པར་ངོ་སྤྲོད་བྱེད་རྒྱུར་ཐེངས་འདིའི་འཁྲབ་སྟོན་ལེ་ཚན་གྱི་གསར་རྩོམ་གྱི་འགོ་ཁུངས་ནི་གཞི་རིམ་མང་ཚོགས་ཡིན་ལ། འཁྲབ་སྟོན་པ་ཡང་གཞི་རིམ་མང་ཚོགས་ཡིན་པས་ས་གནས་ཀྱི་ཐུན་མིན་རིག་གནས་དང་ས་གནས་འཚོ་བའི་ཁྱད་ཆོས་ལྡན་ཟེར། ཁྲིན་ལེན་གྱིས་མུ་མཐུད་དུ་བཤད་རྒྱུར། ང་ཚོའི་ཟློས་གར་འདི་ནི་བོད་ཀྱི་གནའ་བོའི་གླུ་གར་གྱི་རྨང་གཞིའི་སྟེང་གསར་རྩོམ་བྱས་ནས་བོད་རིག་གནས་ཀྱི་ཁྱད་ཆོས་དང་གསོན་ཉམས་ལྡན་པའི་བོད་རིགས་མི་དམངས་ཀྱི་ལས་བརྩོན་དཔའ་ངར། རང་བྱུང་ལ་དད་བཀུར་བྱེད་པ། བློ་གཤོག་ཡངས་བོ་ལྡན་པ། ཉམས་པ་མེད་པའི་ཆོད་སེམས་སོགས་མི་རིགས་ཀྱི་སྙིང་སྟོབས་དང་རང་གཤིས་ཀྱི་ཁྱད་ཆོས་དེ་ཡང་མངོན་པར་བྱས་ཡོད་ཟེར།

སྐྱེས་པའི་རྐྱང་གཞས། སྤྲིན་པའི་ཀློང་གི་རྨ་ཡུལ།

ཟློས་གར་དེའི་གོ་རིམ་ཧྲིལ་བོ་གསར་རྩོམ་གྱི་བསམ་བློ་དང་རྣམ་པས་མཚོན་པར་བྱས་ཡོད་ལ། མཛེས་སྡུག་དང་གསོན་ཉམས་ལྡན་པ། བཙོ་སྦྱངས་བཅས་ཀྱི་སྒྱུ་རྩལ་གསར་རྩོམ་ཐབས་ལམ་བརྒྱུད་གནའ་བོའི་རྫོང་སྟུག་པོའི་མི་རིགས་རིག་གནས་དང་དེང་རབས་ཆེས་སྔོན་ཐོན་ཡིན་པའི་སྒྱུ་རྩལ་གྱི་གཞི་རྒྱུ་ཟུང་འབྲེལ་གྱིས་གཞི་གཅིག་ཏུ་བསྲེས་ཡོད། སྒྱུ་རྩལ་གསར་རྩོམ་གྱི་ཉིང་བཅུད་དང་མི་སེམས་གཡོ་བའི་གར་སྟེགས་ཀྱི་སྣང་ཚུལ་གྱིས་མི་དང་རང་བྱུང་འཆམ་མཐུན་ཡོང་བ། མི་དང་རང་བྱུང་ངོ་བོ་གཅིག་ཏུ་འདྲེས་པའི་མཛེས་སྡུག་གི་ཚོན་མདོག་རི་མོ་ཞིག་གྲུབ་ཡོད། དེ་མིན་བོད་རིགས་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བར་སྒྱུ་རྩལ་གྱི་འགུག་ཤུགས་དྲག་པོ་ལྡན་པ་ཡང་གར་སྟེགས་ལས་སྒྱུ་རྩལ་གྱིས་མཚོན་པར་བྱས་ཡོད།

བོད་ཀྱི་གནའ་བོའི་གླུ་གཞས་དྲིན་ལན། 

རྒྱུས་ལོན་བྱུང་བ་ལྟར་ན། མི་རིགས་གླུ་བྲོ་སྙན་ངག་ཟློས་གར་ཚོན་མདོག་གི་མགོ་ལོག་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་གནང་བའི་སིལ་སྡོང་ར་བའི་མཛེས་ལྗོངས་ཀྱི་གླུ་སྐད་ཀྱིས་ཀྲུང་ཧྭར་བསྟོད་བསྔགས་བྱེད་པ་ཞེས་པའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་ཆེད་ལས་རིག་རྩལ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་ཆེས་མཐའ་མཇུག་གི་འཁྲབ་སྟོན་ཡིན་ལ། དེས་ཁྱོན་ཡོངས་ནས་མགོ་ལོག་ཁུལ་གྱི་ས་གནས་དང་དམངས་སྲོལ། སྒྱུ་རྩལ་བཅས་འགྲེམས་སྟོན་གྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་འདེད་བྱས་ཡོད།

འབྲོག་མིའི་གཉེན་སྟོན་གྱི་འཚོ་བ་མཚོན་པ།

གེ་སར་སྒྲུང་གླུ་རིང་མོ་དཔའ་བོར་བསྟོད་པ།

འཁྲབ་སྟོན་པ།

འཁྲབ་སྟོན་མཇུག་བསྡུ་བའི་མཛད་སྒོ།

ལོ་ཙཱ་བ། ལྷ་དཔལ་སྐྱབས།