ཀྲང་ཞི་མེན་གྱིས་ཧུའུ་ཀྲུའུ་རྫོང་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བཀོལ་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་ནན་བཤད་བྱས།

ཟླ10བའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་དྲིལ་སྒྲོག་བྱ་བར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཧུའུ་ཀྲུའུ་རྫོང་རིག་གནས་ཁང་དུ་ཀྲང་ཞི་མེན་གྱིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱེད་པའི་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་མཐོང་བས་སྤྲོ་སེམས་འཁོལ་བའི་ངང་སྐུལ་མ་བྱས་པ་དང་། སེམས་ཞིབ་མོས་ཁྱད་ཆོས་ཡོད་པ་དང་མང་ཚོགས་ཀྱིས་ཉན་འདོད་པ་དང་ལྟ་འདོད་པའི་རིག་གནས་བྱ་འགུལ་སྤེལ་ནས་གཞི་རིམ་དུ་སྐྱོད་དེ་རྫོང་དང་ཞང་། སྡེ་བ་བཅས་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མི་རེ་རེའི་སེམས་ལ་ཟུག་པར་སྐུལ་འདེད་བྱེད་དགོས་པའི་རེ་བ་བཏོན།

ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་ཀྲང་ཞི་མེན་གྱིས་མང་ཚོགས་ལ་འཚམས་འདྲི་བྱས་པ་མ་ཟད། ལས་བྱེད་མང་ཚོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཁྲིད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་བྱེད་པའི་གནས་ཚུལ་བརྒྱུད་བསྒྲགས་ལ་བལྟས། ཁོས་བཤད་རྒྱུར། ཁ་སང་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། དེ་རིང་རྒྱལ་ཡོངས་མི་དམངས་ཀྱིས་ཡང་བསྐྱར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་པ་མཐོང་ཐུབ་པ་བྱུང་། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་འདས་པའི་ལོ་ལྔའི་རིང་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཤིང་། ཚོགས་ཆེན་བཅུ་དགུ་བའི་སྟེང་འཆར་འགོད་བྱས་པའི་མཛེས་སྡུག་གི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ལ། ལོ་གཅིག་གི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་དངོས་སུ་ཕེབས་ནས་གཟིགས་ཞིབ་མཛད་པའི་པན་ཡན་སྡེ་གསར་ནི་ཏང་གི་དྲིན་ཤེས་པ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པའི་བསྡུས་རིས་ཤིག་རེད། ད་ལྟ་ང་ཚོའི་ཐོག་མའི་ཆབ་སྲིད་འགན་འཁྲི་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་དྲིལ་སྒྲོག་མཐར་ཕྱིན་བྱས་ནས་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྟེང་གཅིག་གྱུར་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་ནན་ཏན་གྱིས་སློབ་སྦྱོང་དང་ངོས་འཛིན་ཟབ་མོ་ལེན་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཞི་རིམ་ལ་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཚོགས་ཆེན་བཅུ་དགུ་བའི་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་ནས་སྔོན་ལ་གོམ་པ་སྤོ་བ་དང་གྲུབ་འབྲས་སྔོན་ལ་མཐོང་བ། རིགས་སོ་སོའི་མི་དམངས་ཀྱིས་ཚོགས་ཆེན་བཅུ་དགུ་བས་གཏན་ལ་ཕབ་པའི་དམིགས་འབེན་འགན་འཁྲི་མངོན་འགྱུར་བྱེད་པའི་ཐད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།