ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་བརྟེན་ནས་བསམ་བློ་དང་འགུལ་སྐྱོད་གཉིས་གཅིག་གྱུར་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ནས། ཞིང་ཆེན་ཡོངས་ནས་མྱུར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་དགོངས་དོན་དང་ཏང་གི་སྒྲིག་སྲོལ་བཟོ་བཅོས་ཇུས་གཞི་སྐོར་གྱི་གསལ་བཤད་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི། འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་ཡིན་པས། ང་ཚོ་ཏང་གིས་མཐུན་སྒྲིལ་སྒོས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་བ་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཚོགས་ཐོག་ནས་སྙན་ཞུ་ཡག་པོར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས། ཏང་ཡོངས་ལ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཆབ་སྲིད་སྒྲོག་གཏམ་སྤེལ། ང་ཚོས་ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་བྱེ་བྲག་གི་འགུལ་སྐྱོད་སྟེང་དང་བྱ་བ་དངོས་ཀྱི་སྟེང་དངོས་འབེབས་བྱེད་དགོས། ཚོགས་ཐོག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བློ་བཟང་བོ་ཞིག་གཏན་འབེབས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་བརྟེན་ནས་བསམ་བློ་དང་འགུལ་སྐྱོད་གཉིས་གཅིག་གྱུར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་སྟེང་མངོན་པར་བྱེད་དགོས། ཚོགས་ཐོག་ནས་སྒྲིག་ཡིག་བཟོ་བཅོས་ལེགས་པོ་དང་འཐུས་ཚང་དུ་བཏང་བ་དང་། དེས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་ཐད་རྩ་བའི་རང་བཞིན་གྱི་ཚད་གཞི་དང་མཛུབ་སྟོན་གྱི་ནུས་པ་འདོན་ཐུབ། ང་ཚོས་སྔར་ལས་རང་རྟོགས་སྒོས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་བརྩི་སྲུང་། ལག་བསྟར། སྲུང་སྐྱོབ་བྱས་ནས། སྔར་ལས་གྲུབ་འབྲས་ལྡན་པའི་སྒོ་ནས་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྲུན་སྤེལ་དགོས། ཚོགས་ཐོག་ནས་མགོ་ཁྲིད་ཚན་ཁག་བཟང་བོ་ཞིག་འདེམ་བསྐོ་བྱས་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཏང་གི་མཐུན་སྒྲིལ། གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་སྔར་ལས་ཇེ་དྲག་ཏུ་བཏང་། ང་ཚོས་འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་སྟེང་ནས་སྲོག་ཤིང་ལ་བརྩི་བཀུར་བྱེད་པ་དང་། ཆབ་སྲིད་སྟེང་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། འགུལ་སྐྱོད་སྟེང་ནས་སྲོག་ཤིང་དམ་འཛིན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས། ལག་བསྟར་གྱི་ཚན་རིག་རང་བཞིན་དང་ཕན་འབྲས་རང་བཞིན། ཁ་གཏད་རང་བཞིན་དང་རང་རྟོགས་རང་བཞིན་མཐོར་འདེགས་བྱེད་དགོས། གཅིག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་སྙིང་གི་གོ་དོན་ལ་རྒྱུས་ལོན་ཡང་དག་དང་ཁོང་དུ་ཆུད་པར་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་དང་དཀའ་སྤྱད་འབད་བརྩོན་གྱིས་སྙིང་སྟོབས་ལ་བརྟེན་ནས་འབྱོར་ཕྱུགས་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། གཉིས་ནས་འདས་པའི་ལོ་ལྔའི་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ལངས་ཕྱོགས་ཇེ་མཐོར་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་བཏང་སྟེ། རྒྱུན་མ་ཆད་པར་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་ཆོད་གཏམ་གསར་བ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། དུས་རབས་གསར་བའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྣེ་ཁྲིད་དུ་བྱེད་པ། ཁྱོན་ཡོངས་ནས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་བྱ་བ་བརྟན་བརླིང་ངང་སྤེལ་ནས། ཧུར་ཐག་གིས་རྒྱུ་སྤུས་སྔར་ལས་བཟང་བ་དང་སྔར་ལས་ཕན་འབྲས་ལྡན་པ། སྔར་ལས་རྒྱུན་མཐུད་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། བཞི་ནས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། རང་གི་བསམ་བློ་དང་བྱ་བ་དངོས་དང་འབྲེལ་འདྲེས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱས་ནས་གྲུབ་འབྲས་མངོན་གསལ་ལེན་ཐུབ་པར་བྱེད་དགོས། ལྔ་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་གསར་བ་དང་དམིགས་འབེན་གསར་བར་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ཉེན་ཁ་ཆེན་པོ་སྔོན་འགོག་དང་ཐག་གཅོད་པ་དང་། གནད་ཕིགས་དབུལ་ཐར། བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དྲུག་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཕྱོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཡང་དག་ལེན་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། མཚོ་སྔོན་གྱི་བྱ་བའི་བར་གྱི་ཟུང་འབྲེལ་བྱེད་ས་འཚོལ་བ། བསྒྱུར་བ་བཞི་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས། བདུན་ནས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ངོས་ཟིན་གསར་བ་དང་རེ་བ་གསར་བ། བཀོད་སྒྲིག་གསར་བར་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་བསྟར་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་ཐད་ཀྱི་རི་ལྗང་ཆུ་དྭངས་མངོན་འགྱུར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ནས་དོ་སྣང་ཆེན་པོ་བྱེད་པ་དང་། སྐུལ་སློང་རྒྱ་ཆེར་བྱེད་པ། མྱུར་དུ་འགུལ་སྐྱོད་བྱེད་པ། ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱེད་པ་དང་བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་པའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་མཚོ་སྔོན་གྱི་སྣང་ཚུལ་མངོན་པ་དང་མཚོ་སྔོན་གྱི་སྟོབས་ཤུགས་གཅིག་སྒྲིལ། མཚོ་སྔོན་གྱི་བྱས་རྗེས་འཇོག་པ་བཅས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གོ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པའི་སྐོར་གྱི་བརྡ་སྦྱོར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་རྒྱུའི་ཐག་བཅད།