ཝང་ལིས་མེན་གྱིས་མཚོ་བྱང་ཁུལ་གྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྣེ་སྟོན་དུ་བཟུང་ནས་ལས་གཞི་གཙོ་བོ་ཡར་ལྡན་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ལས་གཞི་གཙོ་བོ་སྤེལ་བའི་བྱ་བར་ལྟ་སྐུལ་སློབ་ཆེན་བྱས་ཤིང་། ཡུལ་དངོས་ནས་ལས་གཞི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་བྱས་ཏེ། མཐུན་སྦྱོར་སྒོས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས།

ཝང་ལིས་མེན་གྱིས་རྟོག་ཞིབ་བྱེད་སྐབས་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ལས་གཞི་གཙོ་བོ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་ནས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཁུལ་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་དང་མཉམ་དུ་བཞུགས་མོལ་བྱས། ཁོས་བསྟན་དོན། ལས་གཞི་དངུལ་གཏོང་གིས་དཔལ་འབྱོར་འཕར་སྣོན་ཐད་བཏོན་པའི་བྱེད་ནུས་ལ་གཙིགས་ཆེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་བླང་བྱ་ལྟར་དུ། རྨང་རྐང་བརྟན་པོའི་སྒོ་ནས་དུས་ཚིགས་བཞིའི་ལས་དོན་ཡོངས་འགྲུབ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དམིགས་འབེན་མངོན་གསལ་དང་འགན་འཁྲི་དངོས་འབེབས་བྱས་ཏེ། དགུན་དུས་ཀྱི་ཨར་ལས་དཀའ་ཚེགས་ཁྱད་སེལ་བྱ་དགོས། ཚན་རིག་གི་ལམ་ནས་ཨར་ལས་བྱ་བར་བཀོད་སྒྲིག་དང་། ཧུར་བརྩོན་ཆེན་པོས་ལས་གཞི་གཙོ་བོའི་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱས་ཏེ། ལོ་ཧྲིལ་བོའི་ལས་གཞི་སོ་སོའི་དམིགས་འབེན་དང་འགན་འཁྲི་བདེ་ལེགས་ངང་ཡོངས་འགྲུབ་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་སྒང་ཡིན་པས། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྣེ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏིང་ཟབ་ཅན་དུ་གཏོང་བ་དང་། སྒྱུར་བ་བཞིའི་བསམ་ཕྱོགས་ལྟར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་ཐོན་ལས་འཕེལ་རྒྱས་ཁ་ཕྱོགས་ལ་རུང་བསྟུན་བྱེད་དགོས། མཚོ་བྱང་ཁུལ་གྱིས་ཡུལ་སྐོར་དང་ཞིང་ཕྱུགས་ལས་རིགས་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ཚན་རིག་གིས་ལས་གཞིར་འཆར་འགོད་འཐེན་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཧུར་བརྩོན་ཆེན་པོས་ལྗང་མདོག་དགེ་མཚན་ལས་གཞི་མང་པོ་ཞིག་གསོ་སྐྱོང་དང་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་སྒྲིག་གཞི་སྙོམ་སྒྲིག་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་སྤེལ་བྱས་མཐར། རྒྱུན་ཆད་མེད་པའི་ངང་མཚོ་བྱང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ལིས་མེན་གྱིས་རྟོག་ཞིབ་བྱེད་སྐབས་ད་དུང་མཚོ་ལྷོ་ཁུལ་ཐོག་ཏུ་སོང་ནས་འབྲེལ་ཡོད་ཁེ་ལས་དང་། ཁེ་ལས་བདེ་འཇགས་ཐོན་སྐྱེད། ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་བྱས།