ཝང་ཡུས་ཡན་གྱིས་མཚོ་སྔོན་སློབ་ཆེན་དུ་རྟོག་ཞིབ་བྱས་ཏེ་ཏང་གི་འཛུགས་སྐྲུན་སྣེ་སྟོན་དུ་བཟུང་ནས་མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་མགྱོགས་མྱུར་ཅན་དུ་གཏོང་དགོས་ཞེས་ནན་སྐུལ་བྱས།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་མཚོ་སྔོན་སློབ་ཆེན་དུ་སོང་ནས་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བར་རྟོག་ཞིབ་བྱས།

ཁོ་མོས་བསྟན་དོན། མཚོ་སྔོན་སློབ་ཆེན་གྱིས་རང་འགུལ་སྒོས་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་འཕེལ་རྒྱས་འཐབ་ཇུས་དང་སིམ་འདྲེས་ཡོང་བར་བྱས་ཏེ། ཁྱད་ཆོས་ལྡན་པའི་རིག་ཚན་དགེ་མཚན་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ངང་གིས་བསྐྲུན་ནས། རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་སྐོར་གྱི་འཇོན་ཐང་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ཟེར།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་ཐོག་མར་བརྩིས་ཏེ། གསར་གཏོད་རྣམ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དེ་ཀྲི་པུའུ་དང་སྤྱི་ཚོགས་ཚོགས་པ། འཛིན་གྲྭ་སོ་སོ་བཅས་ཀྱི་ཁྲོད་ནས་སྐུལ་སྤེལ་བྱས་ནས། མགྱོགས་མྱུར་ལྡན་པའི་ངང་ནས་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་དགོས་ཤིང་། ཁྱོན་ཡོངས་ནས་ཏང་གིས་མཐོ་རིམ་སློབ་ཆེན་ལ་སྣེ་ཁྲིད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཨུའི་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དུས་རྟག་པར་ཡིད་ལ་ཉར་བ་བཅས་ལ་འབད་དེ། མཐོ་རིམ་སློབ་གྲྭ་འདི་ཉིད་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་སའི་གཡུལ་ས་སྲ་བརྟན་ཅན་དུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཏང་གི་གཞི་རིམ་རྩ་འཛུགས་སྟོབས་དང་ལྡན་པ་ཞིག་བསྐྲུན་པ། ཆིན་ཧྭ་སློབ་ཆེན་གྱི་ཁ་གཏད་རོགས་སྐྱོར་དགེ་མཚན་ལ་བརྟེན་ནས་འཇོན་ཐང་མི་སྣའི་ཁྱད་ལྡན་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་བརྟེན་ནས། ཏང་གི་འཛུགས་སྐྲུན་སྣེ་སྟོན་དུ་བཟུང་ནས་མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་བྱ་བ་མགྱོགས་མྱུར་ཅན་དུ་གཏོང་དགོས་ཞེས་ནན་སྐུལ་བྱས།