རང་ཞིང་གིས2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མཉམ་ལས་ཀྱི་མོས་འདུན་ཡི་གེར་མིང་རྟགས་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10བའི་ཚེས24ཉིན། རང་ཞིང་གིས་ཚོགས་པ་རྩ་འཛུགས་བྱས་ནས་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་པེ་ཅིན་དུ་གཉེར་བའི་མཉམ་འབྲེལ་རྒྱལ་ཚོགས་ཉིན་མོའི་བྱེད་སྒོ་སྟེང་ཞུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་ཐུན་མོང་ཐོག་མཚོ་སྔོན་ཞིང་ཆེན་གྱི2030ལོའི་རྒྱུན་མཐུད་འཕེལ་རྒྱལ་སྐོར་གྱི་གྲོས་རིམ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་མོས་འདུན་ཡི་གེར་མིང་རྟགས་བཀོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སུང་ཆིན་ལིན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཝང་ཅ་རུའེ་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིང་ཁྲེན། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཧྲོའུ་ཝུན་སོགས་བྱེད་སྒོ་ཁྲོད་ཞུགས་པ།

ཐེན་ཅིང་ཁྲེན་གྱིས་ཤིས་ཚིག་ཁྲོད་ཉེ་བའི་ལོ་རིང་ཚོང་དོན་པུའུ་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་འོག་རང་ཞིང་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་དང་རོགས་སྐྱོར་ལས་ཁུངས་བཅས་བར་མཉམ་ལས་བཟང་བོ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་གཞིའི་ལས་ཁུངས་དང་། བྱིས་པའི་ཐེབས་རྩ་མཐུན་ཚོགས།མི་འབོར་ཐེབས་རྩ་སོགས་རྒྱལ་སྤྱིའི་རྩ་འཛུགས་དེ་དག་གིས་སྔ་རྗེས་སུ་རང་ཞིང་དུ་རིན་མེད་རོགས་སྐྱོར་རྣམ་གྲངས་མང་པོ་ཞིག་སྤེལ་ཡོད་པ་དང་། སྨན་བཅོས་འཕྲོད་བསྟེན་དང་། སྐྱེ་ཁམས་སྲུང་སྐྱོབ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ལ། རང་ཞིང་གིས་ཕྱི་ཕྱོགས་ལ་སྒོ་འབྱེད་མཉམ་ལས་བྱས་པ་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

ད་ཐེངས་ཀྱི་མཉམ་ལས་ཀྱི་མོས་འདུན་ཡི་གེ་ལ་མིང་རྟགས་བཀོད་པ་དེས་རང་ཞིང་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་མཉམ་ལས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་མཚོན་ཡོད་པ་རེད། སླད་ཕྱིན་ཕྱོགས་གཉིས་ཀྱི་མཉམ་དུ་གཏན་འཁེལ་བྱས་པའི་མཉམ་ལས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། མཐུན་སྦྱོར་ངང་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཆགས་པར་སྐུལ་འདེད་དང་། མཉམ་ལས་འདོད་འདུན་ཡི་གེ་དོན་འཁྱོལ་ཁྱོན་ཡོངས་ནས་ཡག་པོ་བཅས་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་དང་ཀྲུང་གོའི་ཞིང་ཆེན་ཁག་གི་མཉམ་ལས་ཐད་དཔྱད་གཞིའི་བྱེད་ཆོག་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་མཁོ་འདོད་བྱ་རྒྱུ་ཞེས་བསྟན།

བྱེད་སྒོ་སྤེལ་སྐབས། ད་དུང་མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ཀྲུང་གོར་བཅའ་སྡོད་འཐུས་མི་ཁྲུའུ་ཡིས་ཁེ་ལས་བདུན་ཁྲིད་ནས་མཚོ་སྔོན་སྨན་བཅོས་འཕྲོད་བསྟེན་སྒྲིག་ཆས་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་བ་རེད། ཚོགས་ཞུགས་མི་སྣ་དང་མཉམ་དུ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་སྟོན་ཁུལ་དང་། བོད་ཀྱི་ས་གདན་འགྲེམས་སྟོན་ཁུལ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་འགྲེམ་སྟེགས་སོགས་ལ་ལྟ་སྐོར་དུ་སོང་བ་རེད།

ལོ་ཙཱ་བ།གཡང་སྐྱིད།