མཚོ་སྔོན་གྱིས་ས་ཁམས་གནས་ཚུལ་ཕྱིར་བསྒྲགས་ཤིང་།རང་ཞིང་གི་ས་བབ་ཀྱི་ཆ་སྙོམས་མཐོ་ཚད་ལ་སྨི4058.40ཡོད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ༡༠བའི་ཚེ༢༧ཉིན་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ས་ཁམས་གནས་ཚུལ་ཡོངས་བཤེར་ཐེངས་དང་པོའི་སྤྱི་བསྒྲགས་(གཤམ་དུ་སྤྱི་བསྒྲགས་ཞེས་བསྡུས་འབྲི་བྱ་རྒྱུ)དངོས་ཕྱིར་བསྒྲགས་མ་ཟད། སྤྱི་ཚོགས་ཡོངས་ལ་ས་ཁམས་གནས་ཚུལ་ཡོངས་བཤེར་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས། དེ་ནི་རང་ཞིང་གིས་མཚོ་སྔོན་གྱི་ས་ཁམས་སོ་སོའི་ཆགས་རྐྱེན་དང་། ད་ལྟའི་གནས་བབ། བར་སྟོང་གི་ཁྱབ་ཚུལ་བཅས་ཕྱོགས་ཡོངས་ལ་ཞིབ་བཤེར་བྱས་ཏེ།  རབ་མཛེས་མཚོ་སྔོན་གྱི་སའི་ཁམས་ལ་སྒོ་ཀུན་ནས་མཐིལ་རྟོགས་ཡང་དག་བྱས་ཡོད་པ་རེད།

སྤྱི་བསྒྲགས་ནང་དུ།   རང་ཞིང་གི་ས་ངོས་རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི་729119.65ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི1240.63།  ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི844.53། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི4058.40བཅས་ཡོད་པས་ས་བབ་མཐོ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། དེ་ལས་ས་བབ་ཆེས་མཐོ་ས་ནི་ཁུ་ནུ་རི་རྒྱུད་ཀྱི་པུ་ཁ་ཏ་པན་རི་རྩེ་སྟེ་ས་བབ་མཐོ་ཚད་སྨི6851ཡོད་པ་དང་།  ས་བབ་ཆེས་དམའ་ས་ནི་གཞོང་ཐང་རྫོང་གི་ཁྲོན་ཁུག་གྲོང་རྡལ་ཞོལ་མ་སྟེ་ས་བབ་མཐོ་ཚད་སྨི1647ཡོད་པ་རེད།   དེ་ཡང་རི་ཁུལ་དང་།  རྩྭ་ཐང་། དེའུ་འབུར། འབུར་ཐང་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་48.94%དང། 28.35%、14.60%、8.11%བཅས་ཟིན་ཡོད་ཚུལ་བཀོད་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ས་ཁམས་གནས་ཚུལ་ཡོངས་བཤེར་ཐེངས་དང་པོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ། གཞུང་སྒྲུབ་ཁང་གི་ཀྲུའུ་རེན།  ཞིང་ཆེན་ས་ཁམས་དཔེ་རིས་ཚད་ལེན་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཏུང་ཡུང་ཧོང་གིས་གསར་འགོད་པར་མཚམས་སྦྱོར་བྱེད་ཚུལ། 

        དེ་བཞིན་དུ་སྤྱི་བསྒྲགས་ནང་དུ།  ཞིང་ཆེན་ཡོངས་ཀྱི་རྩྭ་རྩི་ཤིང་གི་ཁེབས་རྒྱ་དེ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི559802.57ཡོད་པ་དང་། འདེབས་འཛུགས་ས་ཞིང་གི་རྒྱ་ཁྱོན་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི6988.46། ནགས་དང་རྩི་ཤིང་གི་ཁེབས་རྒྱ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི552814.10བཅས་ཡོད། ས་ཁུལ་གྱི་ཆགས་ཚུལ་ལ་གཞིགས་ན།  འདེབས་འཛུགས་ཀྱི་ས་ཞིང་དེ་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཡོད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ས་ཞིང་གི52.54%ཟིན་པ་དང་། ནགས་དང་རྩྭ་རྩི་ཤིང་གི་ཁེབས་རྒྱ་ནི་མཚོ་ནུབ་ཁུལ་དང་ཡུལ་ཤུལ་ཁུལ་གཉིས་ཡིན་ཏེ་ཞིང་ཆེན་ཡོངས་ཀྱི་ནགས་དང་རྩྭ་རྩི་ཤིང་གི་རྒྱ་ཁྱོན་གྱི་70.05%ཟིན།    ཞིང་ཆེན་ཡོངས་ཀྱི་བྱེ་ཐང་དང་ས་སྐྱ་བོའི་རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི109672.78ཡོད་པ་དང་། གཙོ་ཆེར་མཚོ་སྔོན་གྱི་ནུབ་རྒྱུད་ས་ཁུལ་དུ་ཡོད་ལ། དེ་ལས་མཚོ་ནུབ་ཁུལ་གྱི་བྱེ་ཐང་དང་ས་སྐྱ་བོའི་རྒྱ་ཁྱོན་ཧ་ཅང་ཆེ་བ་ནི་ཞིང་ཆེན་ཡོངས་ཀྱི་བྱེ་ཐང་དང་ས་སྐྱ་བོའི་རྒྱ་ཁྱོན་གྱི་77.16%ཟིན་ཡོད་པ་རེད།  ཟི་ལིང་ནི་བྱེ་ས་དང་ས་སྐྱ་བོའི་རྒྱ་ཁྱོན་ཆེས་ཆུང་ཤོས་ཡིན་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ས་སྐྱ་བོ་དང་བྱེ་སའི་རྒྱ་ཁྱོན་གྱི་0.08%ལས་ཟིན་མེད་པ་རེད།

ཆུའི་ཁྱབ་ཁོངས་ཀྱི་གྲུབ་ཚུལ་དང་བར་སྟོང་གི་ཁྱབ་ཚུལ་ཕྱོགས་ལ་གཞིགས་ན།  ཞིང་ཆེན་ཡོངས་ཀྱི་ཆུའི་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི22753.53ཡོད་ཅིང་། དེའི་ནང་ཆུ་ངོས་སྟེ་གཙང་བོ་དང་། ཆུ་རྐའམ་གྲམ་ཆུ།  མཚོ་མཚེའུ།   ཆུ་མཛོད།   རྫིང་བུ་ལ་སོགས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི18689.04ཡོད་པ་དང་། འཁྱགས་རོམ་དང་གངས་བསགས་ཀྱི་རྒྱ་ཁྱོན་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི4064.49བཅས་ཡོད་པ་རེད། བར་སྟོང་གི་ཁྱབ་ཚུལ་ལ་གཞིགས་ན།  ཆུ་ཁུངས་གཙོ་བོ་དེ་རྨ་འབྲི་རྫ་གསུམ་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་སྟེ།  རྨ་ལྷོ་དང་། མཚོ་ལྷོ། ཡུལ་ཤུལ། མགོ་ལོག་བཅས་བོད་རང་སྐྱོང་ཁུལ་བཞི་དང་གདང་ལ་རི་བོའི་གྲོང་རྡལ་བཅས་ཡིན་ཞིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི15877.01ཡོད་པ་དང་། ཞིང་ཆེན་གྱི་ཆུ་ཁུངས་ཡོངས་ཀྱི་69.78%ཟིན།   ཞིང་ཆེན་ཡོངས་ཀྱི་གཙང་བོ་སྤྱིའི་རིང་ཚད་(རིམ་པ་དྲུག་ཡན)ལ་སྟོང་སྨི553807.12དང་། ཆུ་རྐའམ་གྲམ་ཆུ་སྤྱིའི་རིང་ཚད་ལ་སྟོང་སྨི12856.49།  མཚོ་མཚེའུ་(མཚོ་གཅིག་གི་རྒྱ་ཁྱོན་དེ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྨི༥༠༠༠ཡན་ཡོད་པ་ཅན)ཁྱོན་སྡོམ་42513དང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི15789.36་ཡོད་པ་དང་།   སྤྱི་ལེ་རྒྱ་དཔང་གྲུ་བཞི་མ་སྟོང་སྨི500ལས་ཆེ་བའི་མཚོ་མཚེའུ་ལྔ་ཡོད་པ་རེད། དེ་དག་ས་ཁུལ་གྱི་ཁྱབ་ཚུལ་ལ་གཞིགས་ན། གཙང་བོ་ཆེས་མང་ས་རང་ཞིང་གི་ཤར་རྒྱུད་ཡིན་ཞིང་།  སྔ་ཕྱི་སྡེབ་ནས་རྩིས་ན་ཆུ་བོ་ཆེས་རིང་ཤོས་དེ་མཚོ་ནུབ་ཁུལ་གྱི་གཙང་བོ་དང་ཆུ་རྐ་རེད། ཆུ་ངོས་ཀྱི་རྒྱ་ཁྱོན་དང་མཚོ་མཚེའུ་ཀྱི་རྒྱ་ཁྱོན་ཆེས་ཆེ་ས་ནི་ཡུལ་ཤུལ་ཁུལ་ཡིན་པ་དང་། ཆུ་མཛོད་ཀྱི་རྒྱ་ཁྱོན་ཆེ་ཤོས་དེ་མཚོ་ལྷོ་ཁུལ་བཅས་ཡིན་ཚུལ་བཀོད་ཡོད་དོ། །

གཞན་རང་ཞིང་གི་ལྕགས་ལམ་དང་གཞུང་གྱི་ལམ་ངོས་རྒྱ་ཁྱོན་དང་རིང་ཚད། གྲུབ་ཚུལ། བར་སྟོང་གི་ཁྱབ་ཚུལ་སྐོར་ནས་ཡང་རེ་རེ་བཞིན་གསལ་བོར་བཀོད་ཡོད་པ་རེད།  


ལོ་ཙཱ་བ། ཁོན་ཐར་འཚོ།