མཚོ་སྔོན་ཞིང་ཆེན་གྱི2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

མཚོ་སྔོན་ཞིང་ཆེན་གྱི2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

・2017ལོའི་ཟླ1པོའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང།

མཚོ་སྔོན་ཞིང་ཆེན་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར་ད་ལྟ2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང། 2017ལོའི་འཆར་གཞི་བཀོད་སྒྲིག་གི་འཆར་ཟིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པས་གྲོས་ཞིབ་གནང་བར་ཕུལ་བ་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2016ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་ཏུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་གཞི་བཀོད་སྒྲིག་རྦད་ཆོད་ཀྱིས་ལག་བསྟར་བྱས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པ་དང་ནང་སྒོས་སུ་མཚོ་སྔོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་ཁྲིད་སྟོན་འོག “གནས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཞིང། “ཏན་ཏན་ཏིག་ཏིག་བཞི”ཞེས་པའི་བླང་བྱ་གལ་ཆེན་སྒོ་ཀུན་ནས་དངོས་འབེབ་དང། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་གྱི་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་འཕེལ་བར་མཐུན་སྦྱོར་དང་སྐུལ་འདེད་བཏང་ཞིང། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་རྒྱུ་བྱེད་ཕྱོགས་གཙོ་བོ་བྱས་ཏེ། འཕར་སྣོན་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག དམངས་ཀྱི་འཚོ་བར་ཕན་ཁེ་བསྐྲུན་པ། བཅོས་སྒྱུར་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག་སོགས་ཕྱོགས་ནས་ཏན་ཏིག་ཕན་ཡོད་ཀྱི་བྱ་བ་འབོར་ཆེན་བསྒྲུབས་པས། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་འཇགས་ཡིན་ལ། བརྟན་འཇགས་ཁྲོད་ཡར་རྒྱས་བྱུང་ཞིང་དགེ་མཚན་ལྡན་པའི་འགྱུར་ལྡོག་སྔར་ལས་མང་པོ་བྱུང་བ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མགོ་ལེགས་པོ་ཞིག་བརྩམས་པ་རེད།

དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2572.5ཡོངས་འགྲུབ་བྱས་པ་དང8%འཕར་ལ། དེའི་ནང་དུ་ཐོན་ལས་དང་པོ5.4%འཕར་ཞིང་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས7.5%འཕར་བ་དང། ཐོན་ལས་གསུམ་པ8%འཕར། དགོས་མཁོ་ཆེན་པོ་གསུམ་བརྟན་འཇགས་ངང་ཡང་བསྐྱར་འཕར་ཞིང་མ་དངུལ་བཏང་ཚད10.9%འཕར། སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་བསྡོམས་འབོར11%འཕར་བ་དང། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མར་ཆག་ཚད་བསྟུད་མར་ཇེ་ཉུང་དུ་སོང་བ་རེད། ལས་ཞུགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་བརྟན་འཇགས་ཡིན་ལ། མཁར་གྲོང་དུ་མི་ཁྲི་ཚོ6.35གསར་དུ་ལས་ཀར་ཞུགས་པ་དང་ལས་ཤོར་གྱི་ཚད3.1%ཐོ་འགོད་བྱས་པ་རེད། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་ཚོ119ཡུལ་གཞན་དུ་སྐྱེལ་ནས་ལས་ཀར་ཞུགས་པ་དང། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད89%ལ་བསླེབས། རིན་གོང་གི་འཕར་ཕྱོགས་བརྟན་འཇགས་ཁྲོད་ཇེ་དལ་དུ་སོང་བ་དང་ལོ་ཧྲིལ་བོརCPIའཕར་ཚད1.8%ཡིན་ལ། ཉེ་བའི་ལོ་བཅུའི་ནང་གི་ཆེས་དམའ་མོ་རེད།

སྒུལ་ནུས་འཕར་སྣོན་དང་གཞན་སྒྱུར་གྱི་ཚད་ཇེ་མགྱོགས་སུ་བཏང་བ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་འཐུས་ཚབ་ཡིན་པའི་གསར་དར་ཐོན་ལས་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང། འོད་ཝོལ་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཚད་སྟོང་ཝ་ཁྲི་ཚོ700ལ་ཉེ་བ་དང། དག་གཙང་ནུས་ཁུངས་ཐོག་དང་པོར་ས་ཁོངས་བརྒལ་ནས་ཕྱིར་བཙོངས་པ་རེད། ལིས་ལྡན་གློག་གཡིས་དང་རྒྱུ་ཆ་གསར་བ། འོད་ཝོལ་དང་འོད་ཚ། ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བཅས་སྒོར་ཁྲག་ཁྲིག4ཅན་གྱི་ཐོན་ལས་མགྱོགས་མྱུར་ངང་གོང་དུ་འཕེལ་བཞིན་པ་དང། སྡེ་གླིང་གི་རུབ་སྡུད་ནུས་པ་མངོན་གསལ་གྱིས་ཇེ་རྡག་ཏུ་སོང་བ་རེད། ཞབས་ཕྱི་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད40%ལས་བརྒལ་བ་དང་དཔལ་འབྱོར་འཕེལ་བར་བྱས་རྗེས་བཞག་ཚད་ཐོག་དང་པོར་བཟོ་ལས་ལས་བརྒལ་ཞིང། གནས་སྐོར་གྱི་ཡོང་སྒོ་བསྡོམས་པས་སྒོར་དུང་ཕྱུར310.3ལ་བསླེབས་པ་དང25.1%འཕར། གནམ་གྲུ་ཐང་དུ་འགྲུལ་པ་ཕྱིར་སྐྱེལ་ནང་འདྲེན་བྱས་ཚད་མི་ཐེངས་ཁྲི་ཚོ500ལས་བརྒལ་བ་རེད། འབྲུ་རིགས་ཐོན་ཚད“བསྟུད་མར་ལོ་བཅུ་གཅིག་ལ་འཕར་བ”མངོན་འགྱུར་བྱས་པ་དང། འདེབས་འཛུགས་ལས་རིགས་གྱི་སྒྲིག་གཞི་དེ་སྔར་ལས་ལྷག་པར་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག གཟན་ཆས་བཅས་སྣ་གསུམ་གྱི་ཕྱོགས་སུ་བསྒྱུར་བ་དང། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ཐད་ནས་འཕེལ་རྒྱས་གསར་བ་བྱུང་ཞིང། འཁྱག་ཆུའི་ནང་གསོ་སྤེལ་གྱི་འཕེལ་ཕྱོགས་ཤུགས་དྲག་པ་དང། ལྗང་མདོག་དང་སྐྱེ་ལྡན། སཱེལ་མོད་པ། གཞི་ཁྱོན་ལྡན་པ་བཅས་ཀྱི་སྒོ་ནས་བདག་གཉེར་བྱེད་ཚུལ་དེ་ཞིང་ཕྱུགས་ལས་གཞན་སྒྱུར་རིམ་སྤར་གྱི་ནང་དོན་གཙོ་བོར་གྱུར་བ་རེད།

རྨང་གཞིའི་སྒྲིག་བཀོད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་སྟེང་གི་དབྱིན་མཱ་ཞ་ནས་མཱ་ཧའེ་བར་གྱི་རིམ་པ་ཤར་གཏོང་བྱས་པ་དང། ན་གོར་མོ་ནས་ཁོར་ལེ་བར་གྱི་ལྕགས་ལམ་དང་མདོ་དབུས་ལྕགས་ལམ་སྟེང་གི་ན་གོར་མོ་ནས་ལྷ་ས་བར་གྱི་རིམ་པའི་ནུས་བསྐྱེད་སྒྱུར་བཀོད་ལས་གྲྭར་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང། ཚྭ་ཁ་ནས་ན་གོར་མོ་དང་གཏེར་ལེན་ཁ་ནས་ཤིང་སྡེ་བར་གྱི་མྱུར་ལམ་སོགས་གཞུང་ལམ་ལས་གཞི་གཙོ་བོ9བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་པ་དང། ཞིང་སྡེའི་གཞུང་ལམ་སྤྱི་ལེ7000གསར་སྐྲུན་རྒྱས་སྐྲུན་བྱས་ཤིང“ཐོགས་མེད་ཟི་ལིང”གི་ལས་གྲྭ་ཆེན་པོ་ལྔ་བདེ་བླག་ངང་སྐྲུན་བཞིན་པ་རེད། མགོ་ལོག་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ་དང། མདོ་ལ་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་སྒྱུར་སྐྲུན་རྒྱས་སྐྲུན་ལས་གྲྭ་སྒོ་ཀུན་ནས་སྐྲུན་མགོ་བརྩམས། རང་རྒྱལ་གྱི10MWཅན་གྱི་གཞི་ཁྱོན་ལྡན་པའི་གསོག་ནུས་ཡོད་པའི་ལྕོག་དབྱིབས་འོད་ཚ་གློག་འདོན་ས་ཚིགས་ཐོག་མ་བེད་སྤྱོད་མགོ་བརྩམས་པ་དང། ཏ་ཧའོ་ཅཱ་དང་ཕ་བོང་འགག་ཆུ་གློག་ས་ཚིགས་ཀྱི་གློག་དྲ་སྦྲེལ་ནས་གློག་འདོན་མགོ་བརྩམས་ཤིང། མགོ་ལོག་གི་གློག་དྲ་སྦྲེལ་བའི་ལས་གྲྭ་ཡོངས་སུ་གྲུབ་པ་དང་རྒྱལ་ཁབ་ཀྱི་གློག་དྲ་རྫོང་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་སྤྱིའི་མ་ཡུར་དུ་དངོས་དུ་ཆུ་དྲངས་པ་དང། མ་ཡུར་ནུབ་མ་དང་བྱང་མའི་ལས་གྲྭ་སྐབས་གཉིས་པ་སྐྲུན་མགོ་བརྩམས་ཤིང། ཞོས་ཅི་འགག་ཆུ་བེད་ལྟེ་གནས་སོགས་བདེ་བླག་ངང་སྐྲུན་བཞིན་ཡོད། ཨང་ཀིའི་མཚོ་སྔོན་དང་ཐགས་ཡངས་མཚོ་སྔོན་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་རྒྱལ་ཡོངས་ཀྱི་བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ“ཡོངས་འཛིན”དངོས་སུ་ཤར་གཏོང་བྱས་པ་རེད།

ལྗང་མདོག་གོང་སྤེལ་གྱི་གྲུབ་འབྲས་གསལ་བོར་མངོན་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྒོ་ཀུན་ནས་སྒྲུབ་མགོ་བརྩམས་ཤིང། རིམ་པ་ལྔ་བའི་དོ་དམ་མ་ལག་སྒྲིག་འཛུགས་བྱས་ནས“ལོ་གཅིག་གི་རྨང་གཞི་བརྟན་བཟོའི”བྱ་བ་ལེགས་འགྲུབ་བྱུང་བ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདང་འཇོག་ཞིབ་དཔྱད་བྱེད་ཐབས་གཏན་ལ་ཕབ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བུ་ལོན་རེའུ་མིག་བཟོ་བར་ཚོད་ལྟ་དང། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་བསྟར་བྱ་བར་ཐད་ཀར་དོ་དམ་གྱི་བཅོས་སྒྱུར་ཚོད་ལྟ་བྱས། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ་དང་མདོ་ལ་རི་བོ་སོགས་སྐྱེ་ཁམས་ལས་གྲྭ་གཙོ་བོ་བདེ་བླག་ངང་སྐྲུན་བཞིན་པ་དང། རབ་མཛེས་མཚོ་སྔོན་དང་མཚོ་སྔོན་པོ། ཀྲུང་གོའི་བསིལ་ལྗོངས་སོགས་ལྗང་མདོག་མིང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་མངོན་གསལ་གྱིས་ཇེ་ཆེར་སོང་ཞིང་ཞིང་ཆེན་ཡོངས་ཀྱི་ན་ཐང་གི་རྒྱ་ཁྱོན་ཀུང་ཆིང་ཁྲི་ཚོ814.4ལ་བསླེབས་ཤིང་རྒྱལ་ཡོངས་ཀྱི་རྩེ་གྲར་བུད་པ་རེད། མུ་རི་གཏེར་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་རིམ་གྱི་དམིགས་འབེན་ཡོངས་སུ་གྲུབ། རྩིས་གཞི་རེའིGDPའཛད་ཚད6%ཡས་མས་མར་ཆག་པ་དང། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད75.5%ལ་བསླེབས་ཤིང། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་བཅད་ཁའིIVརིགས་ཀྱི་ཆུའི་སྤུས་ཀའི་བསྡུར་ཚད་ནི83.3% རེད།

དམངས་ཀྱི་འཚོ་བ་སྐྱིད་ཚད་ཆུ་ཚད་གསར་བར་བསླེབས་པ། དམངས་ཀྱི་འཚོ་བའི་ཐད་ཀྱི་འགྲོ་སྒོས་ནོར་སྲིད་ཀྱི་སྤྱིའི་འགྲོ་སྒོ་ལས75.5%ཟིན་པ་དང། དམངས་ཀྱི་འཚོ་བར་དོན་དངོས་བཅུ་བོ་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་བཞིན་ཡོངས་རྫོགས་ཁ་བཤད་ལག་བསྟར་བྱས་པ་རེད། དབྱིན་ཁྲོན་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབ་བྱས་ནས“1+8+10”ཞེས་པའི་ཚན་སྡེབ་དྲག་རྩལ་ལེགས་པོར་བརྒྱབ་པ་དང། “གནས་བཞི་གཞི་གཅིག་ཏུ་སྦྲེལ་བའི”དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་བསྐྲུན་ཏེ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར73.4བཏང་ཞིང། མི་ཁྲི་ཚོ11དང་སྡེ་བ400། རྫོང6གི་དབུལ་ཕོངས་ཀྱི་ཞྭ་མོ་དུས་ལྟར་ཕུད་པ་དང། གནད་ཁེལ་དབུལ་སྐྱོར་བྱ་བར་ཐོག་མའི་རྒྱལ་ཁ་བླངས་པ་རེད། དམངས་ཚིས་འགན་སྲུང་དམིགས་ཚད་ལེགས་སྒྲིག་གི་ལས་འགན13ཡོངས་འགྲུབ་བྱས་ཤིང། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ9.4%འཕར། ལོ་བཅོ་ལྔའི་རིང་ལ་སློབ་ཡོན་མི་བསྡུ་བའི་སློབ་གསོ་བརྟན་བརླིང་ངང་ལག་བསྟར་བྱས་ཤིང། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང། ཞིང་ཆེན་རིམ་པའི་རིག་གནས“ཁང་གསུམ”བེད་སྤྱོད་མགོ་བརྩམས་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་སྡོད་ཁང་རིགས་སྣ་ཚོགས་སྐྲུན་པའི་ལོ་འཁོར་གྱི་ལས་འགན་ཡོངས་སུ་གྲུབ་པ་རེད། མིན་ཡོན་ས་འགུལ་གྱི་གནོད་འཚེ་ཐེབས་པའི་སྡོད་ཁང་བསྐྱར་སྐྲུན་དང་བརྟན་བཟོའི་ལས་འགན་ཡོངས་སུ་གྲུབ་པ་དང། རྫ་སྟོད་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་འོས་མཐུན་གྱིས་བཀོད་སྒྲིག་བྱས། ཟས་རིགས་སྨན་རྫས་དང་བདེ་འཇགས་གནོད་མེད་ངང་ཐོན་སྐྱེད་ཀྱི་གནས་བབ་བརྟན་འཇགས་ཡིན་པ་དང། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ངང་ཡར་ཐོན་དུ་འགྲོ་བཞིན་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་རེད།

ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཏུ་གྲུབ་འབྲས་འདི་དག་བླངས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་བཅད་ཅིང། ཚགས་ཞིབ་མོས་བཀོད་སྒྲིག་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུའང་ཡིན། ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འགྱུར་བ་མེད་པར་ཡིད་ཆེས་བརྟན་བཅངས་དང། ལྷོད་པ་མེད་པར་འཕེལ་རྒྱས་མྱུར་གཏོང། རྒྱུན་ཆད་མེད་པར་དམངས་ཚིས་ལེགས་སྒྱུར། གཡེང་བ་མེད་པར་ལས་སྒྲུབ་གཙོ་བོར་བཟུང་སྟེ་བྱ་བའི་རང་འགུལ་དབང་ཆ་དམ་པོར་བཟུང་བ་རེད། ཁྱོན་ཡོངས་དང་སྲོག་ཤིང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག ཀྲུང་དབྱང་གི་ཇུས་གཞི་བཀོད་སྒྲིག་དང་ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི“3.10”དང“8.24”སྐབས་ཀྱི་གསུང་བཤད་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ནས། གནས་ཐིག་གཏན་ཁེལ་གསལ་བོ་དང་རང་རློམ་ཇེ་ཆེར་བཏང་ནས་མཚོ་སྔོན་བྱ་བར་རྣམ་པ་གསར་བ་འབད་པས་བསྐྲུན་པ་རེད། དམིགས་འབེན་དང་གནད་དོན་གྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་བྱ་བའི་བརྙན་ལམ་གྲོས་ཚོགས་དུས་ཐོག་ཏུ་བསྡུས་ཤིང། སྔ་མོ་ནས་འཛིན་པ་དང་ཡང་དག་པར་འཛིན་པ། དོན་དམ་པར་འཛིན་པ། ལེགས་པར་འཛིན་པའི་ཤུགས་ཇེ་དྲག་ཏུ་བཏང་སྟེ་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་བ་རེད། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོར་བཅང་རྒྱུ་རྒྱུན་འཁྱོངས་དང་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་བར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་སྔར་ལས་ལྷག་པར་བརྟན་པོར་བསྐྲུན་པ་རེད། མི་དམངས་ལྟེ་གནས་ཡིན་པའི་གོང་སྤེལ་བསམ་བློ་བཅང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་གཏོར་དང་དོན་དངོས་ལེགས་སྒྲུབ། སྔོན་དཔག་ལ་ཁྲིད་སྟོན་བཅས་བྱས་ནས་མི་དམངས་ལ་ཐོབ་སྣང་དང་དྲང་གཞག་གི་སྣང་བ། བདེ་སྣང་བཅས་སྔར་ལས་མང་པོ་བསྩལ་པ་རེད། གཙོ་བོ་གཤམ་གསལ་གྱི་བྱ་བ་བཟུང་བ་སྟེ།

གཅིག་ནས་ལེགས་སྒྲིག་དམ་འཛིན་དང་མཁོ་སྤྲོད་ལེགས་སྒྱུར་བྱས་པ། མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏང་རྒྱུ་དེ་གོ་གནས་གཙོ་བོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཐོག གསར་གཏོད་ཀྱིས་སྐུལ་ཤུགས་ཇེ་དྲག་ཏུ་བཏང་ཞིང་གཅིག་གྱུར་འཆར་འགོད་ཀྱིས་ལས་འགན་གཙོ་བོར་སྐུལ་འདེད་བཏང་ནས། སྒྲིག་གཞི་ལེགས་སྒྲིག་དང་སྐུལ་ནུས་གཞན་སྒྱུར་བྱ་བར་ནུས་ཡོད་སྒོས་སྐུལ་འདེད་བཏང། ལག་རྩལ་གསར་གཏོད་ཐད་མ་དངུལ་གཏོང་ཚད་མུ་མཐུད་དུ་བཏང་ཞིང། འོད་ཝོལ་ལྡོག་སྒྱུར་ཆས་དང་ཚྭ་མཚེའུ་ནས་ལིས་ལེན་པ་སོགས་ཀྱི་ལག་རྩལ་དེ་རྒྱལ་ཡོངས་ཀྱི་སྣེ་ཁྲིད་པའི་ཆུ་ཚད་དུ་བསླེབས། ངར་ལྕགས་ཏུན་ཁྲི་ཚོ50དང་རྡོ་སོལ་ཏུན་ཁྲི་ཚོ9ཡི་ལོ་འཁོར་གྱི་ལྕིད་ཤུགས་ཆག་འཕྲིའི་ལས་འགན་སྔ་རོལ་དུ་ཡོངས་འགྲུབ་བྱས་པ་དང། ཁག་བགོས་ལས་སྒྱུར་མི་སྣ1088འོས་མཐུན་གྱིས་བཀོད་སྒྲིག་བྱས། ཚོང་ཟོང་མཛོད་ཉར་གྱི་རྒྱ་ཁྱོན25.6%མར་ཆག་པ་དང་ཕྱིར་འཚོང་དུས་འཁོར་ཟླ13དུ་མར་ཆག་པ་རེད། ཁེ་ལས་གཙོ་བོའི་བུ་ལོན་ཉེན་ཁ་ཤུགས་ཡོད་རྒུས་སེལ་ནས་བུ་ལོན་སྤྱིར་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་གནས་ཡོད་པ་རེད། ནོར་ཁྲལ་དང་སྲིད་འཛིན་གྱི་གྲོན་དངུལ་ཉུང་བསྡུའམ་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས། གློག་ཤུགས་ཐད་ཀར་ཉོ་འཚོང་བྱེད་པར་སྐུལ་འདེད་བཏང་བ་དང། རང་བྱུང་སོལ་རླངས་དང་རྡལ་གླའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ལས་ཀྱི་མ་གནས་རིགས་སྣ་ཚོགས་རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར60ཇེ་དམའ་རུ་བཏང། གཉིས་ནས་མ་དངུལ་གཏོང་རྒྱུ་དམ་འཛིན་དང་འཕར་ཚད་བརྟན་འཇགས་སུ་བཏང་བ། རང་ཞིང་གི་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་ཁྱད་ཆོས་གཞིར་བཟུང་སྟེ། ཕན་ཡོད་ཀྱི་མ་དངུལ་འཇོག་ཚད་རྒྱ་བསྐྱེད་པ་དེས་སྐུལ་ཁྲིད་བྱས་ནས། འཕར་ཚད་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག དམངས་ཀྱི་འཚོ་བར་ཕན་ཁེ་བསྐྲུན་པ། རྗེས་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ནུས་ཡོད་ཀྱིས་གཅིག་གྱུར་བྱས་པ་རེད། “ཡར་སྐུལ་གསུམ་དང་དམ་འཛིན་གཅིག སྐུལ་འདེད་གཅིག” གི་བྱ་འགུལ་ཤུགས་ཆེན་པོས་སྤེལ་ཏེ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ལས་གཞི་ཆེན་པོ་སྐོར་ཅིག་སྔ་རོལ་ཏུ་སྐྲུན་མགོ་བརྩམས་ནས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར3533.2བཏང་བ་དང། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར114.5དང། ཆེད་སྤྱོད་འཛུགས་སྐྲུན་ཐེབས་རྩ་སྒོར་དུང་ཕྱུར193དངོས་འབེབ་བྱས། ལས་གཞི་མ་སྐྲུན་སྔོན་གྱི་འགག་གཏོར་ལས་གྲྭ་བསྐྲུན་ནས། མཚོ་སྔོན་པོ་གནམ་གྲུ་ཐང་དང་ཙོང་ཆུའི་མ་ཡུར་བྱང་མའི་ལས་གྲྭ་སྐབས་གཉིས་པ་སོགས་ལས་གཞི་ཆེན་པོར་འགག་གཏོར་རང་བཞིན་གྱི་འཕེལ་རྒྱས་བྱུང། “1+3+5”ཡི་སྲིད་ཇུས་བྱེད་ཐབས་ཕྱིར་བཏོན་ནས་དམངས་ཁྲོད་ཀྱིས་མ་དངུལ་འཇོག་ཚད་ཟླ་རེར་བཞིན་ཡང་བསྐྱར་འཕར་ཅིང་ལོ་ཧྲིལ་བོར9.4%འཕར་བ་རེད། གསུམ་ནས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དམ་འཛིན་དང་མཐུན་སྦྱོར་བྱ་བར་སྐུལ་འདེད་བཏང་བ། རིགས་བཀར་ནས་མཛུབ་སྟོན་དང་ཁྱད་པར་ཡོད་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་ཕྱིར་བཏོན་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཛུར་ནས་གོང་དུ་འཕེལ་བ་དང་རྣམ་པ་ལེགས་པོར་འགྱུར་བར་སྐུལ་འདེད་བཏང། མཚོ་ནུབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་ནུབ་མགྱོགས་མྱུར་ངང་གོང་སྤེལ་དང་གཞན་སྒྱུར་བྱ་བར་རོགས་སྐྱོར་ཐབས་ཤེས40ལག་བསྟར་བྱས་ཤིང། ལས་གཞི་ཆེན་པོ408བསྐྲུན་པ་དང་མཚོ་ནུབ་བརྟན་འཇགས་ཁྲོད་ཡང་བསྐྱར་གོང་དུ་འཕེལ་བར་སྐུལ་འདེད་བཏང། ཟི་ལིང་དང་མཚོ་ཤར་མགྱོགས་མྱུར་ངང་་གོང་དུ་འཕེལ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་སྔོན་དུ་ཡོད་པ་རེད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་བོད་ཁུལ་འཆར་འགོད་ལས་གཞི138དང་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར4859བརྩོན་ལེན་བྱས་ཏེ་དངོས་འབེབ་བྱས་པ་དང། མགོ་ལོག་བྱ་བའི་གྲོས་ཚོགས་བསྡུས་ཏེ་བདེ་འཇགས་དར་སྤེལ་ལས་གྲྭ་བསྐྲུན་པར་སྐུལ་འདེད་བཏང་ཞིང་ལས་གཞི་སྐོར་ཅིག་བརྟན་འཇགས་ངང་བསྐྲུན། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བསམ་འཆར་ཕྱིར་བཏོན་པ་དང། མཛེས་སྡུག་ལྡན་པའི་མཁར་གྲོང་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པའི་ལོ་འཁོར་གྱི་ལས་འགན་ཡོངས་འགྲུབ་བྱས་པ་རེད། བཞི་ནས་ནོར་སྲིད་དམ་འཛིན་བྱས་ནས་འདེགས་སྐྱོར་ཤུགས་དྲག་ཏུ་བཏང་བ། ནོར་སྲིད་དང་དངུལ་ལོར་མཐུན་སྦྱོར་མཉམ་འབྲེལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག བྱེད་སྟངས་གསར་གཏོད་དང་དཀའ་གནད་སྒྲོལ་ཅིང་ཐབས་ཤེས་སྣ་མང་མཉམ་དུ་སྤྱད་དེ་ཉེན་ཁ་འགོག་སྲུང་བྱས་ནས། དངོས་གཉེར་དཔལ་འབྱོར་གོང་དུ་སྤེལ་བར་ཕན་ཡོད་སྒོས་འདེགས་སྐྱོར་བྱས། སྤྱི་པའི་ནོར་སྲིད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར1522.6བཏང་བ་དང། སྲིད་གཞུང་རང་བཞིན་གྱི་ཁྲིད་སྟོན་ཐེབས་རྩ10བཙུགས་ནས་སྤྱི་ཚོགས་ཀྱི་མ་དངུལ་འཇོག་པར་ནུས་ཡོད་སྒོས་སྐུལ་ཁྲིད་བྱས་པ་རེད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར238.4ཡོད་པ་དང་ཁ་ཚད་གཅིག་པ་ལྟར་ན8.3%འཕར་ཅིང། ནོར་ཤུགས་བསྡོམས་པས་སྒོར་དུང་ཕྱུར1694ལ་བསླེབས་པ་རེད། དམངས་སྒོར་གསོག་བཅོལ་གྱི་ལྷག་འབོར་སྒོར་དུང་ཕྱུར5570.2ཡོད་ཅིང6.9%འཕར། དངུལ་བུན་གྱི་ལྷག་འབོར་སྒོར་དུང་ཕྱུར5579.8ཡོད་པ་དང11.9%འཕར། ཐད་ཀར་རྒྱུན་འཁོར་བྱས་པའི་མ་དངུལ་སྒོར་དུང་ཕྱུར600ལས་བརྒལ་བ་དང27.3%འཕར། ཀྲེང་ཕིང་ལམ་ཟམ་ཀུང་སིའི་དངུལ་འཛིན་ཚོར་རར་བཀྲམ་པ་དང་ཤེལ་གོང་བོད་སྨན་གྱི“མ་རྐང་ཚབ་བཤུག་ལས་སྟེགས”ཀྱི་སྒོ་བྱང་བཀལ་ཞིང། ཙང་ཀོ་ཅཱ་ལུད་ཚད་ཡོད་ཀུང་སིས་གཞན་གྱི་མ་རྐང་ཚོད་འཛིན་དབང་ཆར་བརྟེན་ནས་མ་རྐང་ཚོར་རར་བཀྲམ་པ་དང། རྒྱལ་ཡོངས་ཀྱི་ཀུན་ཕན་དངུལ་ལོར་ཕྱོགས་བསྡུས་དཔེ་སྟོན་ཁུལ་རང་ཞིང་དུ་གཞིས་ཆགས་པ་རེད། ལྔ་ནས་བཅོས་སྒྱུར་དམ་འཛིན་དང་སྒོ་འབྱེད་ཀྱི་རྒྱ་བསྐྱེད་པ། གནད་ས་གཙོར་འཛིན་པ་དང་མཉམ་སྡེབ་ཀྱིས་སྐུལ་འདེད་གཏོང་བ། མཉམ་ལས་ཐད་ཤུགས་བསྣན་ནས་ཚོང་རའི་གསོན་ཤུགས་དང་སྒུལ་ཤུགས་སྔར་ལས་རྒྱས་སུ་བཅུག་པ་རེད། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་སྨན་བཅོས་སྒྲིག་སྲོལ། ཁྲིམས་འཛིན་བཅས“རྒྱལ་མིང་རྟགས་ཅན”ཆེན་པོ་གསུམ་བདེ་བླག་ངང་བཅོས་སྒྱུར་བྱེད་བཞིན་པ་དང། “དབང་ཆ་གཏོང་གློད་དང་ལྟ་སྐུལ་དོ་དམ། ཞབས་ཕྱི་ལེགས་སྒྱུར”བྱས་ཤིང། མ་དངུལ་འཇོག་པ་དང་མ་དངུལ་རྒྱུན་འཁོར། རྒྱལ་དབང་རྒྱུ་ནོར་དང་ཁེ་ལས། ནོར་ཁྲལ་དངུལ་ལོར་སོགས་ཁྱབ་ཁོངས་བཅོས་སྒྱུར་བྱས་ནས་གྲུབ་འབྲས་ཐོབ་ཅིང། ཚོང་རའི་གཙོ་གཞི་ཁྱིམ་ཚང་ཁྲི་ཚོ7.3གསར་དུ་ཇེ་མང་དུ་སོང་བ་རེད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་དང། “མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སོགས་འགྲེམ་ཚོགས་ཆེན་པོ་ལེགས་པར་སྤེལ་ནས། ཕྱོགས་གཉིས་མཉམ་སྡེབ་ཀྱིས་མ་དངུལ་བཞག་ནས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང། ཚའོ་ཅ་པའོ་དཔྱ་ཁྲལ་འགན་ལེན་དངོས་ཟོང་འཁོར་རྒྱུག་ལྟེ་གནས་དངོས་སུ་འཁོར་སྐྱོད་ཚོང་གཉེར་བྱེད་མགོ་བརྩམས། ཡོ་རོབ་གླིང་དབུས་མར་མཁའ་ལམ་ཐོག་མ་ལེགས་པར་བཏོད་པ་དང། ཟི་ལིང་ནས་ཏུང་ཅིན་དང་ཅི་ལུང་ཕའོ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་གསར་བ་གཉིས་བཏོད་པ་རེད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་གྱི་འཆར་གཞི་ལག་བསྟར་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར14.1དངོས་འབེབ་བྱས་པ་དང། མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་རྟོག་ཞིབ་ཏུ་སོང་ནས་གྲུབ་འབྲས་གལ་ཆེན་སྐོར་ཅིག་བླངས་ཤིང་རིགས་མཐུན་རོགས་སྐྱོར་གྱི་གདང་རིམ་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང། པི་ཡ་ཏི་ལིས་ལྡན་གློག་གཡིས་ལས་གཞི་སོགས་ཚོང་འགུག་ལས་གཞི་ཆེན་པོ་སྐྲུན་མགོ་བརྩམས་པ་དང། ཚོང་འགུག་དངུལ་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར755མཁོ་སར་འབྱོར་ཞིང10.8%འཕར་བ་རེད།

གཉིས། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཁོར་ཡུག་དང་དམིགས་འབེན་གཙོ་བོ།

2017ལོ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་འགག་རྩར་ཐུག་པའི་ལོ་ཞིག་ཡིན་པས། ལོ་ཧྲིལ་བོའི་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་ཧ་ཅང་ཆེ་ལ། འགན་འཁྲི་ཡང་ཧ་ཅང་ལྕི། དེ་བས་ཡིད་ཆེས་འགྱུར་མི་རུང་བ་དང་དཀའ་ངལ་ལ་སྣང་ཆུང་ཡང་བྱ་མི་རུང། ལོ་གསར་བའི་ནང་དུ་སྤྱི་ཁོག་དཔལ་འབྱོར་སྔར་བཞིན་རྙོག་འཛིང་དང་འགྱུར་ལྡོག་ཆེ་སྲིད་པ་རེད། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་སྔར་བཞིན་དལ་མོའི་ངང་བསྐྱར་འཕར་གྱི་འཕེལ་རིམ་དུ་གནས་སྲིད་ཀྱང། རྙོག་འཛིང་རང་བཞིན་དང་བརྟན་འཇགས་མིན་པའི་རང་བཞིན། ངེས་གཏན་མེད་པའི་རང་བཞིན་སྔར་ལས་ལྷང་དུ་འབུད་སྲིད། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་གནས་སུ་སྲུང་འཛིན་བྱས་ནས་དལ་མོའི་ཁྲོད་བརྟན་པོའི་ཕྱོགས་དང་བརྟན་པོའི་ཁྲོད་བཟང་པོའི་ཕྱོགས་སུ་འཕེལ་སྲིད་ཀྱང། སྒྲིག་གཞི་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པ་དང་ཕན་ཡོད་ཀྱི་དགོས་མཁོ་འཕར་ཤུགས་དཀོན་པ། དངོས་གཉེར་དཔལ་འབྱོར་ཐད་དཀའ་ངལ་ཅུང་མང་ཞིང། དཔལ་འབྱོར་གོང་སྤེལ་ཐད་ནས་རེ་བ་དང་དཀའ་ཁག་མཉམ་དུ་གནས་ཡོད་པ་རེད། དེང་སྐབས་རང་ཞིང་གོང་དུ་སྤེལ་བར་སྲིད་ཇུས་ཀྱི་གོ་སྐབས་ཆེན་པོ་ལྡན་པ་དང། རྗེས་ཐོན་ཁྱད་སྟོབས་མངོན་གསལ་ལྡན་ཞིང་གོང་སྤེལ་གྱི་རྨང་གཞི་ཅུང་བརྟན་པོ་ཡོད་པ་རེད། ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི“ཏན་ཏན་ཏིག་ཏིག་བཞི”ཞེས་པའི་བླང་བྱ་གལ་ཆེན་གྱིས་ང་ཚོར་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་གོ་གནས་ཤིག་བསྩལ་ཞིང་རྙེད་དཀའ་བའི་གོ་སྐབས་བསྐྲུན་ལ། རྒྱལ་ཡོངས་ཀྱི་ཁྱོན་ཧྲིལ་བོའི་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ཉིན་རེར་བཞིན་ལྷང་དུ་བུད་པ་རེད། དེའི་ཁར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཁོ་འདོན་ཕྱོགས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད། ཞིང་ཆེན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་དྲག་པའི་བྱེད་ཐབས་དང་ཐབས་ཤེས་རབ་དང་རིམ་པ་སྤྱད་པས། འདི་དག་གིས་བསྟུད་མར་ཕན་ནུས་འདོན་སྲིད། དེ་དང་ཆབས་ཅིག་ཏུ་ཤེས་དགོས་པ་ནི། རང་ཞིང་གི་དཔལ་འབྱོར་གོང་སྤེལ་བྱ་བ་དེ་སྔར་བཞིན་ལ་འགོས་འཕྲང་བརྒལ་དང་གཞན་སྒྱུར་རིམ་སྤར་གྱི་འགག་རྩའི་དུས་སྐབས་སུ་གནས་ཤིང། གནད་དོན་གསར་རྙིང་སྣོལ་མར་གནས་པ་དང་བཟོ་ལས་ཀྱི་སྲོལ་རྒྱུན་རྐང་འཛིན་ཐོན་ལས་གོང་དུ་སྤེལ་བར་དཀའ་ཁག་ཧ་ཅང་ཆེ་བ་དང། དཔལ་འབྱོར་གསར་བ་དང་སྒུལ་ནུས་གསར་བ་ད་དུང་གསོ་སྐྱོང་བྱེད་བཞིན་ཡོད་ལ། མ་དངུལ་འཇོག་ཚད་བསྟུད་མར་འཕར་ཤུགས་དཀོན་པ་དང་ནོར་ཤུགས་གཏོང་ཡོང་གི་ལྕིད་ཤུགས་ཆུང་དུ་མི་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་བསྟུད་མར་སྤར་བའི་དཀའ་ཁག་ཆེ་བ་རེད། ཕྱོགས་བསྡུས་སྒོས་ཚོད་ཞིབ་བྱས་པ་ལྟར་ན2017ལོར་རང་ཞིང་གི་གོང་སྤེལ་ཁོར་ཡུག་དེ2016ལོ་དང་ཕལ་ཆེར་འདྲ་ཞིང། ཕན་ཡོད་ཀྱི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་མོད། ཉེན་ཁ་དང་འགྲན་སློང་ལ་ཡང་སྣང་ཆུང་བྱ་མི་རུང་བས། ཡིད་ཆེས་བརྟན་བཅངས་དང་གྲ་སྒྲིག་གང་ལེགས་བྱས་ནས་གྲུབ་འབྲས་ཆེས་ལེགས་པོ་བརྩོན་ལེན་བྱ་དགོས།

རྒྱལ་ཁབ་ཕྱི་ནང་གི་གོང་སྤེལ་གནས་བབ་ལ་ཕྱོགས་བསྡུས་སྒོས་ཚོད་ཞིབ་དང་འཕར་སྣོན་གྱི་སྒུལ་ཤུགས་ལ་དབྱེ་ཞིབ། འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྱུང་འགྱུར་ལ་ལྟ་རྟོག་བྱས་པའི་རྨང་གཞིའི་སྟེང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཞིབ་འཇུག་བྱས་ཏེ་བཏོན་པའི2017ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེད་རིན་ཐང་བསྡོམས་འབོར7.5%ཡས་མས་འཕར་བ་དང་བྱ་བ་དངོས་ཀྱི་ཁྲོད་གྲུབ་འབྲས་སྔར་ལས་ལེགས་པོ་བརྩོན་ལེན་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཞག་ཚད10%འཕར་བ་དང་སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་བསྡོམས་འབོར10%ཡན་འཕར་བ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་སྒོ་ཁ་ཚད་གཅིག་པ་ལྟར་ན8%འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར5%འཕར་བ། གནས་སྐོར་གྱི་ཡོང་སྒོ་བསྡོམས་འབོར20%ཡན་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་མི་རེས་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ9%འཕར་བ་དང། མཁར་གྲོང་དུ་མི་ཁྲི་ཚོ6གསར་དུ་ལས་ཀར་ཞུགས་པ། རོང་འབྲོག་ཁུལ་དུ་ངལ་རྩོལ་པ་མི་ཐེངས་ཁྲི་ཚོ105ཡུལ་གཞན་དུ་སྐྱེལ་ནས་ལས་ཀར་ཞུགས་པ། དངོས་གོང་འཕར་ཆག་གི་ཚད3%ནང་དུ་ཚོད་འཛིན་བྱ་བ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཀ་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད84%ལ་བསླེབ་པ་དང། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད76%ལ་བསླེབ་པ། ཙོང་ཆུ་རང་ཞིང་ལས་བརྒལ་བའི་བཅད་ཁའི་རིགསIVཡི་ཆུའི་སྤུས་ཀའི་བསྡུར་ཚད83.3%ཡན་སྲུང་འཛིན་དང། ནུས་ཁུངས་གྲོན་ཆུང་དང་སྙིགས་རོ་ཉུང་ཕྱུང་གི་ཚད་དེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་ནང་ཚོད་འཛིན་བྱ་དགོས། གོང་གི་དམིགས་ཚད་ཀྱིས་འཕར་ཚད་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག་གི་དོ་མཉམ་ས་བཟུང་ཡོད་ལ། འཕེལ་རྒྱས་ཀྱི“སྤུས”དང“ཚད”ཀྱི་འགག་རྩ་གཙོར་བཟུང་ཡོད་ཅིང། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསམ་གཞིགས་གང་ལེགས་བཏང་ཐོག རྒྱུ་རྐྱེན་སྣ་ཚོགས་ལ་བསམ་གཞིགས་བཏང་སྟེ་གཟབ་ནན་གྱིས་བཏོན་པ་ཡིན། དམིགས་འབེན་འདི་དག་མངོན་འགྱུར་བྱ་བར་དཀའ་ཁག་ཡོད་པས་དཀའ་སྤྱད་འབད་བརྩོན་བྱ་དགོས་ལ། ང་ཚོས“བརྟན་འཇགས”ཀྱི་འགན་འཁྲིའི་འདུ་ཤེས་དང“ཡར་རྒྱས”ཀྱི་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་པ་ཁག་ཐེག་བྱ་དགོས།

གསུམ། 2017ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་འགན་དང་བྱེད་ཐབས་གཙོ་བོ།

2017ལོར་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་འགན་ལྕི་ཞིང་སྣེ་མང་བ་དང་བླང་བྱ་མཐོ་བས། ངེས་པར་དུ་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཐོག གནད་འགག་འཛིན་དགོས་པ་དང། སྤྱི་ཁྱབ་ཧྲུའུ་ཅིའི“ཏན་ཏན་ཏིག་ཏིག་བཞི”ཞེས་པའི་བླང་བྱ་གལ་ཆེན་སྔར་ལས་ལྷག་པར་དངོས་འབེབ་དང། ཞིང་ཆེན་ཏང་ཨུས་བཏོན་པའི“དཔལ་འབྱོར་ཞིང་ཆེན་ཆུང་ངུ་ནས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྟོབས་ཆེན་ཕྱོགས་དང། མི་གྲངས་ཞིང་ཆེན་ཆུང་ངུ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོའི་ཕྱོགས། ས་གནས་ཀྱི་གོང་སྤེལ་འཐབ་ཇུས་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་དུ་འཇུག་པའི་ཕྱོགས། རོང་འབྲོག་པས་སྣ་རྐྱང་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་བདག་སྐྱོང་བྱེད་པ་ནས་སྐྱེ་ཁམས་དང་ཐོན་སྐྱེད་དང་འཚོ་བ་བཅས་འཁོར་སྐྱོད་ལེགས་པོ་བྱེད་པའི་ཕྱོགས་སུ་བསྒྱུར་བར་བརྩོན་ལེན་བྱ་དགོས”ཞེས་པའི་གོང་སྤེལ་བསམ་ཕྱོགས་གཏིང་ཟབ་ཏུ་ལག་ལེན་བྱ་དགོས། བྱ་བའི་ཁྲོད་གྲོང་ཁྱེར་དང་གྲོང་གསེབ་གོང་དུ་སྤེལ་བར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི། རྨང་གཞིའི་ཐོན་ལས་རྒྱ་ཆེར་གསོ་སྐྱོང་བཅས་བྱ་རྒྱུ་ལེགས་འཛིན་བྱ་དགོས་ཤིང། བཅོས་སྒྱུར་སྔོན་ལ་འཇོག་པ་དང་གསར་གཏོད་དེ་ལྟེ་བ། སྐྱེ་ཁམས་དེ་གཞི་རྩ། ལས་གཞི་དེ་གཙོ་བོ། མ་དངུལ་འཇོག་པ་དེ་གནད་ས། བཟོ་ལས་དེ་གལ་ཆེན། དམངས་ཚིས་དེ་རྩ་བ་བཅས་སུ་བཟུང་ནས་སྲིད་ཇུས་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་འཐོབ་པར་སྐུལ་འདེད་བྱ་དགོས། གཙོ་བོ་གཤམ་གསལ་གྱི་བྱ་བ་ལེགས་འཛིན་བྱ་དགོས་ཏེ།

(གཅིག) མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོ་སྐྱོང་བྱ་དགོས།

མཁོ་འདོན་ནུས་པ་སྒོ་ཀུན་ནས་མཐོར་འདེགས་དང་གསར་གཏོད་བྱ་དགོས། “1020”སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ལས་གྲྭ་ཆེན་པོ་དང“གསར་གཏོད་འགག་གཏོར་ལས་གྲྭ་ཆིག་བརྒྱ”། “ཐོན་ལས་ལ་ཚན་རྩལ་གྱིས་འདེགས་སྐྱོར་ལས་གྲྭ་གཙོ་བོ”། “གྱད་མིའུ”འཆར་གཞི་དང“ལྡབ་གཉིས་སྤར་བའི”ལས་གྲྭ་ལེགས་པོར་བསྐྲུན་པ་དང། ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་འཇོག་ཚད20%ཇེ་མང་དུ་བཏང་ནས་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། བཟོ་སྐྲུན་སྔོན་ཐོན་ཅན་སོགས་ལྗང་མདོག་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱད་བསྐྲུན་དགོས། རྒྱུ་ཆ་གསར་བའི་ཐོན་ལས་གསར་གཏོད་ཞིབ་འཇུག་ཁང་དང་བོད་སྨན་གསར་བ་གསར་སྤེལ་གྱི་རྒྱལ་ཁབ་གྱི་ཚོད་ལྟ་ཁང་གཙོ་བོ་སོགས་ཚན་ཞིབ་ལས་སྟེགས་གང་མགྱོགས་ཀྱིས་བསྐྲུན་དགོས། བཟོ་ལས་ཀྱི་རྨང་གཞི་བརྟན་བཟོའི་ལས་གྲྭ་སྐྲུན་མགོ་བརྩམ་པ་དང། ཉི་འོད་ནུས་པ་ཕྱོགས་བསྡུས་བེད་སྤྱོད་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་མནའ་འབྲེལ་སྒྲིག་འཛུགས་བྱས་ཐོག རིགསNཅན་གྱི་ཉི་ནུས་གློག་གཡིས་དང་ལྕགས་འདྲེས་མ་རིགས་གསར་བ་སོགས་འགག་རྩའི་ལག་རྩལ་སྐོར་ཅིག་གི་འགག་གཏོར་ཏེ། ལག་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཀྱི་གདང་རིམ་འཕར་བར་སྐུལ་ཁྲིད་བྱ་དགོས། ལྗང་མདོག་ཚན་རྩལ་འདེགས་སྐྱོར་འགན་སྲུང་དང་བེད་སྤྱོད་ཁྱབ་གདལ་རྐྱེན་སྲོལ་འཛུགས་པ་དང། ལྗང་མདོག་ཚན་ཞིབ་གྲུབ་འབྲས་གཞན་སྤོ་གཞན་སྒྱུར་དང་དཔེ་སྟོན་ཁྱབ་གདལ་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། མཚོ་སྔོན་དུ་ཡོད་པའི་རྒྱལ་ཁབ་ལག་རྩལ་མཐོ་གསར་ཁུལ་དང་སློབ་ཆེན་གྱི་ཚན་རྩལ་གླིང་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏང་དགོས། “གསར་གཏོད་གཉིས”ཀྱི་བྱ་བར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱས་ནས་ལས་སྟེགས་སྔར་ལས་ཆེན་པོ་བསྐྲུན་པ་དང། “གསར་གཏོད་གཉིས”ཀྱི་དཔེ་སྟོན་རྟེན་གཞི་དང་ཆེད་ལས་ཅན་གྱི་ཀུན་པོས་གསར་གཏོད་བར་སྟོང་སྐོར་ཅིག་གསར་སྐྲུན་བྱ་དགོས། མི་འཇོན་ཅན་གྱིས་འདེགས་སྐྱོར་བྱ་བར་དོ་སྣང་དང་མི་འཇོན་ཐང་ཅན་དང་ཤེས་རིག་ནང་འདྲེན་བྱེད་སྟངས་གསར་བ་འཚོལ་ཞིབ་བྱས་ཐོག མཐོ་རྩེའི་གསར་གཏོད་པ་འཇོན་པོ“མི་སྟོང་ཕྲག་གི་འཆར་གཞི”དང་ལས་བཟོ་བའི་བྱང་ཚད་མཐོར་འདེགས་ལས་གྲྭ་ལེགས་པར་བསྐྲུན་ཐོག “ལག་ཤེས་པའི”སྙིང་སྟོབས་དར་སྤེལ་བྱ་དགོས།

འཕྲིན་སྦྲེལ་དྲ་བའི་དཔལ་འབྱོར་དང་གཞི་གྲངས་ཆེན་པོའི་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས། རབས་གསར་བའི་ཆ་འཕྲིན་ལག་རྩལ་དང་ཁྱབ་ཁོངས་སོ་སོ་མཉམ་བསྲེས་ཟབ་མོ་བྱེད་པའི་རྒྱ་བསྐྱེད་དེ། གཞི་གྲངས་ཆེན་པོ་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། སྤྲིན་རྩིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང། མཐོ་སྒང་གི་གཞི་གྲངས་ཆེན་པོའི་གྲབས་ཉར་ལྟེ་གནས་དང་སྤྲིན་ཚོམས་མཚོ་སྔོན་ལས་སྟེགས་བསྐྲུན་ཏེ། དམངས་ཚིས་སྤྲིན་ཚོམས་དང་སྲིད་དོན་སྤྲིན་ཚོམས། སྐྱེ་ཁམས་སྤྲིན་ཚོམས་བཅས“དཔེ་སྟོན་ལས་གྲྭ་ཆེན་པོ་གསུམ”བསྐྲུན་དགོས། ཆ་འཕྲིན་ཅན་དུ་སྒྱུར་མཁན་སྣེ་ཁྲིད་ཁེ་ལས་དང་མཉམ་འབྲེལ་གྱིས་སྤྲིན་རྩིས་གཞི་གྲངས་ལྟེ་གནས་བསྐྲུན་ཏེ་ད་ཡོད་ཀྱི་སྲིད་དོན་ཆ་འཕྲིན་མ་ལག་དེ་སྲིད་དོན་སྤྲིན་ཚོམས་ལས་སྟེགས་སུ་སྤོ་བར་སྐུལ་འདེད་གཏང་དགོས། “འཕྲིན་སྦྲེལ་དྲ་བ+” ཆེད་དོན་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་བཟོ་སྐྲུན་ལས་རིགས་དང་འཕྲིན་སྦྲེལ་དྲ་བ་མཉམ་འདྲེས་ངང་གོང་འཕེལ་ཟབ་མོ་གཏོང་བ་དང། བཟོ་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། དོ་དམ། ཞབས་ཕྱི་སོགས་བྱེད་སྟངས་བསྒྱུར་བར་སྐུལ་འདེད་བཏང་ཐོག རིག་ལྡན་གྱི་བཟོ་སྐྲུན་དཔེ་སྟོན་ཚོད་ལྟ་བྱ་དགོས། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་རང་ཞིང་གི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་དང་གློག་རྡུལ་ཚོང་དོན། ལྗང་མདོག་བཟོ་སྐྲུན་སོགས་ལས་གྲྭ་བསྐྲུན་པའི་ཁྲོད་ཞུགས་པར་ནང་འདྲེན་བྱེད་པ་དང། ཙོང་ཆུ་རྨ་ཆུ་འབབ་རྒྱུད་ས་ཁུལ་དུ་ཞིང་སྡེའི་གློག་རྡུལ་ཁྲོམ་ར་དང་དངོས་ཟོང་འཁོར་རྒྱུག་སྟེགས་བུ་སྒོ་ཀུན་ནས་བསྐྲུན་དགོས།

ལྗང་མདོག་འཕེལ་རྒྱས་ཀྱི་འདྲེན་བྱེད་གསར་བ་མྱུར་བར་གསོ་སྐྱོང་བྱ་དགོས། རྒྱལ་ཁབ་ཀྱི་ལྗང་མདོག་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། “སྟོང་ཝ་བྱེ་བ་རིམ་པའི”སླར་སྐྱེ་ནུས་ཁུངས་རྟེན་གཞི་གཉིས་བརྟན་བརླིང་ངང་བསྐྲུན་པ་དང་དྲག་གནོན་ཕྱིར་སྐྱེལ་རྒྱུ་ལམ་མ་སྐྲུན་སྔོན་གྱི་བྱ་བར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་ཀྱི་གསར་དར་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་བསྐྲུན་དགོས། གློག་འདོན་ས་ཚིགས་འཛུགས་སྐྲུན་དང་འོད་ཝོལ་བཟོ་སྐྲུན་ལས་རིགས་མཐུན་སྦྱོར་ངང་གོང་དུ་ལེགས་པར་སྤེལ་བ་དང། ལིས་ལྡན་གློག་གཡིས་ཐོན་ལས་གསར་གཏོད་ཞིབ་འཇུག་གླིང་སྒྲིག་འཛུགས་བྱས་ནས། ཐཱན་སྐྱུར་ལིས་དང་ལིན་སྐྱུར་ལྕགས་ལིས། ལིས་ལྡན་གློག་གཡིས་ཐོན་སྐྱེད་ནུས་པ་རྒྱ་ཆེར་གཏོང་བ་དང། པི་ཡ་ཏི་ལིས་ལྡན་གློག་གཡིས་སོགས་ལས་གཞི་དང་སྒུལ་ཤུགས་གློག་གཡིས་ཐོན་ལས་མུ་འབྲེལ་བསྐྲུན་དགོས་ཤིང། རྒྱལ་ཡོངས་ལ་ཤུགས་རྐྱེན་བཟོ་ཐུབ་པའི་ལིས་ལྡན་གློག་གཡིས་ཐོན་ལས་རྟེན་གཞི་དང་འོད་ཝོལ་བཟོ་སྐྲུན་ལྟེ་གནས་བསྐྲུན་དགོས། རྒྱུ་ཆ་གསར་བའི་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང། ཧ་ཡང་རྨང་དང་མཱེ་ལྕགས་རྨང། ཐི་རྨང་སོགས་ཡང་བའི་ལྕགས་རིགས་འདྲེས་མའི་རྒྱུ་ཆ་གསར་བ་གཙོ་གནད་བྱས་ཏེ། པའེ་ཅེ་བར་གཅོད་རྒྱུ་ཆ་དང་ནུ་ཏིག་གློག་བཞུས་ཧ་ཡང་ལེབ་པོ་གདང་རིམ་མཐོན་པོ་ཅན་སོགས་ལས་གཞི་བསྐྲུན་པར་སྐུལ་འདེད་གཏང་དགོས། ཁྱད་ཆོས་ལྡན་པའི་སྐྱེ་དངོས་ཐོན་ཁུངས་ལས་སྣོན་ཞིབ་མོའི་བྱ་བ་གོང་དུ་སྤེལ་པ་དང། ཁམས་གསོའི་རྫས་དང་སྨན་རྫས་ཁ་ཕྱོགས་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་མུ་འབྲེལ་བསྐྲུན་དགོས། མཐོ་རྩེའི་གྲངས་འབྲེལ་སྟངས་འཛིན་འཁོར་སྟེགས་སོགས་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་མགྱོགས་མྱུར་ངང་ཞིབ་འཇུག་གསར་སྤེལ་བྱེད་ཅིང། ཧྭ་ཐའེ་ནུས་ཁུངས་གསར་བའི་རླངས་འཁོར་བཟོ་སྐྲུན་དང་ཀུང་ཏུང་མིང་དབྱང་རླུང་ཤུགས་གློག་འདོན་འོད་ཝོལ་བཟོ་སྐྲུན་སོགས་ལས་གཞི་ལེགས་པར་བསྐྲུན་ཏེ། ཆེད་སྤྱོད་རླངས་འཁོར་དང་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས། དེང་རབས་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་དང་རིམ་སྤར་རབས་བརྗེའི་བྱ་བར་སྐུལ་འདེད་གཏང་དགོས།

ཁྱད་སྟོབས་ལྡན་པའི་སྲོལ་རྒྱུན་ཐོན་ལས་འཁོར་རྒྱུག་ཅན་དུ་འཕེལ་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་གོང་སྤེལ་སྔོན་སྐྱོད་ཁུལ་བསྐྲུན་པའི་འགུལ་སྐྱོད་འཆར་ཟིན་ཞིབ་མོར་བཟོ་བ་དང། སྡེ་གླིང་འཁོར་རྒྱུག་ཅན་དུ་བཀོད་སྒྲིག་དང་སྒྱུར་བཀོད་བྱ་བ་དེ་གཡུལ་ས་གཙོ་བོ་བྱས་ནས། ཁེ་ལས་ཀྱིས་འཁོར་རྒྱུག་ཚུལ་གྱིས་ཐོན་སྐྱེད་དང་ཐོན་ལས་འཁོར་རྒྱུག་ཚུལ་གྱིས་སྒྲིག་འཛུགས། “སྙིགས་རོ་གསུམ”འཁོར་རྒྱུག་ཚུལ་གྱིས་བེད་སྤྱོད་པར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བ་དང། ཞིང་ལས་དང་ཞབས་ཕྱི་ལས་རིགས། སྤྱི་ཚོགས་ཀྱི་ངོས་ཐད་བཅས་འཁོར་རྒྱུག་ངང་གོང་དུ་སྤེལ་རྒྱུ་དུས་མཉམ་དུ་འཛིན་དགོས། “ཅཱ་དང་འབྲལ་བ་དང་མཱེ་དམ་འཛིན། ལིས་གོང་སྤེལ། བུལ་ཏོག་ལེགས་སྒྲིག ཁིལ་ལེགས་སྒྱུར”བཅས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ཐོག ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁེ་ལས་བསྐྱར་སྒྲིག་ལེགས་སྒྲིག་བྱས་ཏེ། ཐོན་ལས་མུ་འབྲེལ་ཧྲིལ་བོའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏང་དགོས། ཐོན་ལས་ཀྱི་མུ་བསྲིངས་པ་དང་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད། འཁོར་རྒྱུག་ཅན་དུ་སྒྱུར་བཀོད་སོགས་བྱེད་ཐབས་སྤྱད་པ་བརྒྱུད་དེ། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་རྫས་འགྱུར་བཟོ་ལས། ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་སྲོལ་རྒྱུན་ཐོན་ལས་ལག་རྩལ་དང་ཕན་ནུས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ནུབ་རྒྱུད་གཏེར་ལས་དང་རྨ་ཆུའི་གློག་འདོན་ས་ཚིགས་སོགས་ཕྱིར་འཚོང་ཡོང་འབབ་སྒོར་ཐེར་འབུམ་ཆེན་པོ་ལས་བརྒལ་བའི་སྣེ་ཁྲིད་ཁེ་ལས5ལེགས་ཤིང་སྟོབས་ཆེན་དུ་གཉེར་བར་རོགས་སྐྱོར་དང། ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར30ལས་བརྒལ་བའི་རྐང་འཛིན་ཁེ་ལས15གསོ་སྐྱོང་བྱ་དགོས།

ཞིང་ཕྱུགས་ལས་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ལྗང་མདོག་ཁྱད་སྟོབས་ལྡན་པའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏང་རྒྱུ་གོ་གནས་གཙོ་བོར་འཇོག་པ་དང། བོད་ལུག་དང་ནོར་སོགས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང། ཙོང་ཆུ་འབབ་རྒྱུད་ཀྱི“ཚོད་སླེ”ཐོན་སྐྱེད་ནུས་པ་བརྟན་སྲུང་དང། རྨ་ཆུའི་འགྲམ་རྒྱུད་དང་ཚྭ་འདམ་གཞོང་ས་ཁུལ་གྱི་སྔོ་ཚོད་རྟེན་གཞིའི་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་བཏང་ཐོག རྨ་ཆུའི་འགྲམ་རྒྱུད་ཀྱི་འཁྱག་ཆུའི་ནང་གསོ་སྤེལ་འོས་ཤིང་འཚམ་པར་གསར་སྤེལ་གྱི་ས་རྒྱུད་བསྐྲུན་དགོས། ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཕྱུགས་ར10དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི30གསར་བསྐྲུན། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་མིང་རྟགས་གྲགས་ཅན30གསོ་སྐྱོང་བྱ་དགོས། འཛད་སྤྱོད་རིམ་སྤར་གྱི་དགོས་མཁོར་བསྟུན་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་མོའི་བྱ་བ་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཚོང་རྟགས་གྲགས་ཅན་གསར་སྐྲུན། སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་དམ་པོར་བཟུང་ནས་ཚོང་ར་རབ་འབྲིང་ཟིན་ཚད་རྒྱ་བསྐྱེད་དགོས། ཞིང་ལས་ཀྱི་རྩོལ་ནུས་སྣ་མང་དང་སྦས་ཤུགས་སྔོག་འདོན་བྱེད་པ་དང“གཅིག་རྗེས་གཉིས་མཐུད”ཀྱི་ཐོན་ལས་མུ་འབྲེལ་བསྐྲུན་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་དང། ཞིང་སྡེའི་གློག་རྡུལ་ཁྲོམ་ར་དང་སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་གནས་སྐོར། གྲོང་ཁྱེར་གྱི་ཞིང་ལས་སོགས་ལས་རྣམ་གསར་བ་ལེགས་འཛིན་བྱས་ཐོག སྤྲོ་གསེང་ལྟ་སྐོར་བྱ་ཡུལ་ཞིང་ཕྱུགས་ལས་དཔེ་སྟོན་བྱེད་ས30གསོ་སྐྱོང་བྱ་དགོས། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་སོགས་ལས་གྲྭ་ལེགས་པར་བསྐྲུན་ཏེ། གཞི་ཁྱོན་འོས་འཚམ་ལྡན་པའི་བདག་གཉེར་གོང་དུ་སྤེལ་བར་རོགས་སྐྱོར་བྱ་དགོས།

“གསུམ་འདོར་གཅིག་ཆག”གི་ལས་འགན་གཙོ་བོ་བསྟུད་མར་ལེགས་འཛིན་བྱ་དགོས། ལས་རིགས་དང་ཁེ་ལས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་ཅིང། ཁོར་ཡུག་སྲུང་སྐྱོང་དང་ནུས་ཁུངས་འཛད་གྲོན། སྤུས་ཚད། བདེ་འཇགས་སོགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་དང་བུ་ལོན་བསྐྱར་སྒྲིག མ་རྩ་བརྡིབས་པ་ཞིབ་རྩིས་རྒྱག་པར་སྐུལ་འདེད་བཏང་ཐོག རྡོ་སོལ་ཐོན་སྐྱེད་ནུས་པ་ཏུན་ཁྲི་ཚོ132ཇེ་ཉུང་དུ་གཏོང་བ་དང། རྗེས་ལུས་དང་ཕན་འབྲས་ཆུང་བའི་ཐོན་སྐྱེད་ནུས་པ་མུ་མཐུད་དུ་འདོར་དགོས། མཛོད་ཉར་འདོར་བ་དང་མི་གྲངས་ཀྱི་ཁྱིམ་ཐོ་མཁར་གྲོང་ཅན་དུ་སྒྱུར་རྒྱུ་ཟུང་དུ་སྦྲེལ་ཏེ། སྤྱིལ་བུའི་ཁང་པ་སྒྱུར་བཀོད་དང་འགན་སྲུང་སྡོད་ཁང་དངུལ་ལོར་བསྒྱུར་ནས་བཀོད་སྒྲིག་གི་གཞི་ཁྱོན་རྒྱ་བསྐྱེད་ཅིང། གནས་སྐོར་དང་སྤྲོ་གསེང། རྒན་གསོ་སོགས་ས་མཚམས་བརྒལ་བའི་ས་གཞིས་གོང་དུ་སྤེལ་བ་དང། ཆ་རྐྱེན་དང་མཐུན་པའི་གསར་སྤེལ་ལས་གཞི་དེ་ཀུན་གྱིས་བསྐྲུན་པའི་བར་སྟོང་དང་ཁང་རྩེག་ཐོན་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས། དངུལ་ལོར་ཉེན་ཁ་ནུས་ཡོད་སྒོས་འགོག་ཟོན་དང། བསྡུ་ཐབས་མེད་པའི་བུ་ལོན་དང་བུན་ནག་ཞིབ་བཤེར་རྩིབ་སུབ་དང་ཐག་གཅོད་ཤུགས་ཇེ་ཆེར་བཏང་ཐོག ཕྱི་དངུལ་དང་དམངས་ཁྲོད་ཀྱི་མ་དངུལ་དེ་གྱོང་ཐེབས་རྒྱུ་ནོར་ཐག་གཅོད་པའི་ཁྲོད་ནུས་ཡོད་སྒོས་ཞུགས་པར་སྐུལ་བསྟོད་དང། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་དུ་སྒྱུར་སྟངས་ལྟར་བུ་ལོན་དེ་མ་རྐང་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། བུ་ལོན་གྱི་ཉེན་ཁ་སྔོན་བརྡ་གཏོང་བའི་ལམ་ལུགས་འཛུགས་པ་དང་ཁེ་ལས་ཀྱི་སྔོན་རྩིས་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་ནས། བུ་ལོན་མང་དྲགས་པར་ལེན་པ་སྔོན་འགོག་བྱས་ཏེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མ་དངུལ་འཇོག་མཁན་ཁེ་ལས་ཀྱིས་བུ་ལོན་ཁུར་ཚད66%ནང་ཚོད་འཛིན་བྱ་དགོས། མ་གནས་ཇེ་ཉུང་དུ་གཏོང་ཐབས་དངོས་འབེབ་དང་སྒྲིག་གཞིའི་རང་བཞིན་གྱི་དཔྱ་ཁྲལ་དང་གྲོན་དངུལ་ཉུང་བསྡུ་བྱ་བར་སྐུལ་འདེད་བཏང་ཐོག སྒེར་སྡེམ་རང་བཞིན་གྱི་བར་སྨྱན་ཞབས་ཕྱིའི་གྲོན་དངུལ་བསྡུ་ཚུལ་གཙང་བཤེར་དང་ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་ཚུལ་བཅོས་སྐྱོང་བྱ་དགོས། ཁེ་ལས་ཀྱི་ནུས་ཁུངས་འཛད་སྤྱོད་དང་དངོས་ཟོང་འཁོར་རྒྱུག་གི་མ་གནས་ཇེ་ཉུང་དུ་བཏང་ཐོག གློག་ཐད་ཀར་ཉོ་ཚོང་བྱ་བར་སྐུལ་འདེད་གཏོང་བ་དང། “གོང་གཅིག་གཅོད”ཀྱི་རྡལ་གླ་མར་ཆག་པ་དང“ཐོགས་མེད་ལྗང་མདོག་མྱུར་ལམ”། རང་བྱུང་སོལ་རླངས་ཀྱི་རིན་གོང་གཟིགས་སྐྱོང་སོགས་སྐོར་གྱི་སྲིད་ཇུས་ལེགས་པར་སྤྱད་དགོས། ཁེ་ལས་དང་མཉམ་འབྲེལ་རོགས་སྐྱོར་བྱ་འགུལ་མུ་མཐུད་དུ་སྤེལ་ཏེ་ཁེ་ལས་ཀྱིས་བློ་ཁ་ནང་དུ་ཕྱོགས་ནས་མ་གནས་ཇེ་དམའ་དང་ཕན་འབྲས་ཇེ་ལེགས། ཚོང་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏང་བར་ཁྲིད་སྟོན་བྱ་དགོས།

(གཉིས།)སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གོམ་པ་གསར་བ་སྤོ་བར་སྐུལ་འདེད་གཏང་དགོས།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་སྐུལ་འདེད་གྲོས་ཚོགས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་དུ་འཇུག་དགོས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག་གཏན་ལ་འབེབ་པ་དང། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཚད་གཞི་མ་ལག་བཙུགས་ཐོག སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་དང་གཞི་གྲངས་ཆེན་པོའི་ལས་སྟེགས་བསྐྲུན་དགོས། རྩོལ་ནུས་ཁུལ་གཙོ་བོའི་གནས་ཐིག་གཏན་ཁེལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོ་རུ་ཐོན་ལས་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་ཕྱིར་བཏོན་ནས། གསར་སྤེལ་ས་ཁུལ་གཙོ་བོ་དང་ཆ་རྐྱེན་འཚམ་པའི་ས་ཁོངས་སུ་ཐོན་ལས་དང་མི་རྣམས་འདུ་བར་ཁྲིད་སྟོན་བྱ་དགོས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་མཚལ་ཐིག་དབྱེ་འབྱེད་གཏན་འབེབ་བྱས་ཐོག་ཁྱབ་སྒྲོག་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར“ལུགས་སྲོལ”དང“ཚད་གཞི”ཡོད་པར་འགྱུར་བར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་གདེང་འཇོག་ཞིབ་དཔྱད་བྱེད་ཐབས་གཏན་ལ་འབེབ་པ་དང། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་སྲུང་སྐྱོང་བྱ་བར་ཚོད་ལྟ་ལེགས་པོ་བྱས་ཐོག ཐོན་ཁུངས་སྐྱིན་ཚབ་ཡོད་པའི་སྒོ་ནས་བེད་སྤྱོད་དང་སྐྱེ་ཁམས་དཔལ་ཡོན་ལ་གདེང་འཇོག་ཞིབ་དཔྱད། མགོ་ཁྲིད་ལས་བྱེད་པ་ལས་གནས་དང་འབྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་རྒྱག་པ་སོགས་སྐོར་གྱི་ལམ་ལུགས་གཟུག་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཕྱོགས་བསྡུས་ཀྱིས་ལག་བསྟར་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བ་སྣ་ཚོགས་གང་མགྱོགས་ཀྱིས་བསྒྲུབ་དགོས། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཡོངས་འཆར་འགོད》ལག་བསྟར་བཟང་པོ་བྱེད་པ་དང། “སྡེ་གླིང་གསུམ”གྱི་འཆར་འགོད་མྱུར་བར་བཟོས་ཐོག སྡེ་གླིང་སོ་སོར་ཁྱད་པར་ཡོད་པའི་སྲུང་སྐྱོང་ཉམས་གསོ་བྱེད་ཐབས་དང་བེད་སྤྱོད་སྟངས། དོ་དམ་ཚོད་འཛིན་འཐབ་ཇུས་ལག་བསྟར་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་ལས་གྲྭའི་ལས་གཞི་གཅིག་བསྡུས་བྱས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ཆེན་པོར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང། སྒོར་དུང་ཕྱུར10གཏང་བྱའི་རྨང་གཞིའི་སྒྲིག་བཀོད་སོགས་ཐོག་མའི་ལས་གཞི་ཡོངས་འགྲུབ་བྱ་དགོས། དོ་དམ་ཅུའུ་དང་སྡེ་གླིང་དོ་དམ་ཨུ་ཡོན་ལྷན་ཁང3གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་སྤྱོད་ཡུལ་རྩིས་སྤྲོད་དོ་དམ་བྱེད་ཐབས་གཅིག་གྱུར་གྱིས་སྤྱད་དེ་ཕྱོགས་བསྡུས་སྒོས་བཅའ་ཁྲིམས་ལག་བསྟར་བྱ་དགོས། སྤྱི་གླིང་གི་ཁྱབ་ཁོངས་སུ་ཡོད་པའི་ཞང་རྡལ་གྱི་རྒྱལ་ཁབ་སྤྱི་གླིང་གི་རྩ་འཛུགས་དོ་དམ་འགན་འཁྲི་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་རྐང་དུ་གཅིག་སྒྲིལ་བྱས་ཐོག འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་གྲུབ་འབྲས་དེ་ཡོང་སྒོ་དང་སྦྲེལ་བའི་རྐྱེན་སྲོལ་གཟུག་དགོས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་ནས་མཉམ་ལས་བྱེད་ཤུགས་ཇེ་དྲག་གཏོང་བ་དང། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཞིང་ཆེན་གྱིས་མཉམ་དུ་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན། མཉམ་སྤྱོད་ཀྱི་རྐྱེན་སྲོལ་གཟུག་པར་དར་སྤེལ་བྱས་ཐོག སྲུང་སྐྱོང་དང་འཛུགས་སྐྲུན་ཐེབས་རྩ་འཚོལ་ཞིབ་སྒོས་གཟུག་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལས་ཁུངས་དང་ཆེད་མཁས་བློ་འདོན་པ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གྲགས་ཅན་བར་དུ་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ་དང། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་བསྡུ་བར་གྲབས་གཤོམ་བྱ་དགོས། “ལྟ”ལ་དམིགས་ནས་དོན་དག་བསྒྲུབ་པ་དང། དྲིལ་སྒྲོག་གི་གློག་བརྙན་འཕྲིན་ཕབ་བཟོ་དང་གསར་འཆར་ཐོན་རྫས་ཞིབ་འཇུག་གསར་སྤེལ། ཐེ་ཞུགས་ཀྱི་ལས་གཞི་གསར་སྐྲུན་བྱས་ཐོག མཉམ་སྐྲུན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་སོ་སོ་རྒྱ་ཁྱབ་ཏུ་ཞུགས་པར་ཡིད་འགུག་དགོས།

ཡུལ་གྲུ་ཆེན་པོ་ལྔའི་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ་གལ་ཆེན་བསྐྲུན་དགོས། རི་ཆུ་ནགས་རྩྭ་དང་ཞིང་ཁ་མཚོ་མཚེའུ་བཅས་རང་བྱུང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་འཆར་གཞི་གང་མགྱོགས་ཀྱིས་ལག་བསྟར་བྱ་དགོས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་སྐབས་གཉིས་པར་སྐུལ་འདེད་གཏོང་བ་དང། ས་ནག་ཐང་བཅོས་སྐྱོང་དང་རི་རྒྱ་བསྡམས་ནས་ནགས་སྐྱོང་བ་སོགས་ལས་གཞི་ལེགས་པར་བསྐྲུན་ནས་མ་དངུལ་སྒོར་དུང་ཕྱུར9འཇོག་བྱའི་ལས་འགན་འགྲུབ་དགོས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་གང་མགྱོགས་ཀྱིས་བསྐྲུན་དགོས། མཚོ་སྔོན་པོའི་མཐའ་སྐོར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་སྐབས་གཉིས་པ་སྐྲུན་མགོ་བརྩམ་དགོས། ཚྭ་འདམ་གཞོང་དང་ཤར་རྒྱུད་རི་མ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་མ་སྐྲུན་སྔོན་གྱི་ལས་གཞི་ཡོངས་འགྲུབ་བྱ་དགོས། “བྱང་གསུམ”འགོག་སྲུང་ནགས་ཚལ་ལས་གྲྭ་སྐབས་ལྔ་བ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ལས་གཞི་མུ་མཐུད་དུ་བསྐྲུན་དགོས། ཙོང་ཆུ་འབབ་རྒྱུད་ཧྲིལ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་འཆར་འགོད་དང། ནགས་བཙུགས་ནས་སྔོ་ས་མང་གཏོང་དང་གྲམ་པ་བཅོས་སྐྱོང། གད་སྙིགས་དང་ཆུ་རྙོག་ཐག་གཅོད། ལྗོངས་ལྟ་བྱེད་ས་སྐྲུན་པ་སོགས་ལས་འགན་གཙོ་བོར་གཅིག་གྱུར་འཆར་འགོད་བྱས་ཐོག ཙོང་ཆུའི་འགྲམ་གྱི་གནས་སྡོད་ལ་འཕྲོད་པའི་ས་རྒྱུད་དང་ལྗོངས་ལྟ་ས་རྒྱུད། སྐྱེ་ཁམས་བར་ཁྱམས་ཤུགས་ཡོད་རྒུས་བསྐྲུན་དགོས། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གྲས་སུ་འཇོག་པར་རེ་ཞུའི་མཐའ་མཇུག་གི་བྱ་བ་ལེགས་པར་བསྒྲུབས་ནས་རེ་ཞུ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་དགོས།

ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། མཁའ་དབུགས་སྦགས་བཙོག་འགོག་བཅོས་བྱ་བ་ལེགས་འཛིན་དང། མཉམ་འབྲེལ་གྱིས་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་བྱས་ནས། མཁའ་དབུགས་ཀྱི་སྤུས་ཀ་ལེགས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས། ཏན་ཏིག་གིས“ལམ་གསུམ་འགྲམ་བཞིའི”ཁོར་ཡུག་བཅོས་སྐྱོང་དང་ལྗང་སྒྱུར་འགུལ་སྐྱོད་བྱས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་ཁུངས་གསོ་འཁྱུངས་རྩོལ་ནུས་སྲུང་སྐྱོང་དང་ངོས་ཀྱི་སྦགས་བཙོག་ཚོད་འཛིན་བྱ་བའི་ཐད་ཤུགས་བསྣན་ཐོག ཟི་ལིང་གྲོང་ཁྱེར་གྱི“ཆུ་གསུམ་འགྲམ་དྲུག”གི་ལྗང་མདོག་ལྗོངས་ལྟའི་སྐྱེ་ཁམས་ཁྱམས་ལམ་བསྐྲུན་དགོས། “ཆུ་གཙང་ཞིང་གནམ་སྔོ་བ”དང“ཁྱིམ་གཞིས་མཛེས་པོར་སྒྱུར་བའི”ཆེད་དམིགས་འགུལ་སྐྱོད་ཆེན་པོ་གཉིས་ཟབ་སྤེལ་དང། འཛུགས་སྐྲུན་རྒྱུ་ཆ་སོགས་གཙོ་གནད་ལས་རིགས15ཡི་སྦགས་བཙོག་བཅོས་སྐྱོང་དང་སྙིགས་རོ་ཉུང་ཕྱུང་གི་ཆེད་དམིགས་བཅོས་སྐྱོང་བྱེད་པ་དང། ལས་རིགས་གཙོ་བོ་དག་གཙང་སྒོས་ཐོན་སྐྱེད་དང་ལག་རྩལ་སྒྱུར་བཀོད་བྱ་བར་སྐུལ་འདེད་བཏང་ཐོག སླར་སྐྱེའི་ཐོན་ཁུངས་རུབ་སྡུད་ལྟེ་གནས་སྐྲུན་པ་དང་གྲོང་རྡལ་གྱི་ཆུ་རྙོག་རུབ་སྡུད་ཐག་གཅོད་མ་ལག་འཐུས་ཚང་དུ་གཏོང་བ་དང། རྒྱལ་ཁབ་ཀྱི་ཐཱན་དམའི་བཟོ་ལས་སྡེ་གླིང་ཚོད་ལྟའི་ངང་བསྐྲུན་པར་སྐུལ་འདེད་གཏོང་དགོས། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་བརྟན་སྲུང་བྱས་ཐོག ཕུགས་རྒྱང་རིང་བོར་ཕན་པའི་བདག་སྐྱོང་རྐྱེན་སྲོལ་གཟུག་དགོས། ཞིང་ལས་ཀྱི་ཕྱི་ངོས་དང་ཕྱུགས་བྱ་གསོ་སྤེལ་བྱས་ཏེ་བཟོས་པའི་སྦགས་བཙོག་དང་གྲོང་སྡེ500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས།

སྐྱེ་ཁམས་ཀྱི་འདུ་ཤེས་དོན་ཐོག་ཏུ་འབེབ་ཤུགས་ཇེ་དྲག་ཏུ་གཏང་དགོས། སྐྱེ་ཁམས་དང་ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་ཐོན་ལས་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་དངོས་གནས་བསྒྱུར་བ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རབ་མཛེས་མཚོ་སྔོན། རྡུལ་ཕྲན་མཁར། ཀྲུང་གོའི་བསིལ་ལྗོངས་སོགས་ལྗང་མདོག་མིང་རྟགས་གྲགས་ཅན་གཏིང་ཟབ་ཏུ་སྔོག་འདོན་བྱས་ནས་ཤུགས་རྐྱེན་ཇེ་ཆེར་བཟོ་བ་དང། སྐྱེ་ཁམས་གནས་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏང་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་གོང་སྤེལ་དང་ནགས་གསེབ་དཔལ་འབྱོར་གོང་དུ་སྤེལ་བར་རོགས་སྐྱོར་བྱས་ཐོག རྩྭའི་ཐོན་ལས་སྟོབས་ཆེན་དུ་གཉེར་དགོས། ལྗང་མདོག་གི་ཞིང་སྡེ་དེ་མཁར་གྲོང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ལྟེ་གནས་སུ་བཟུང་སྟེ་ལྗང་མདོག་གི་གྲོང་ཁྱེར་འཛུགས་སྐྲུན་དང་ཁྱད་ཆོས་ལྡན་པའི་མཁར་གྲོང་གསོ་སྐྱོང། མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་སྐྲུན་བཅས་བྱ་དགོས། སྦགས་བཙོག་བཟོས་པ་ཕྱོགས་གསུམ་པས་བཅོས་སྐྱོང་བྱ་བར་སྐུལ་འདེད་དང། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས། དག་གཙང་གི་ནུས་ཁུངས་ཀྱིས་གློག་དྲ་སྦྲེལ་ནས་བཏོན་པའི་གློག་དམིགས་བསལ་གྱིས་སྔོན་ལ་བཀོད་གཏོང་བྱས་ཏེ་དག་གཙང་གི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་ཇེ་མཐོར་གཏང་དགོས།

(གསུམ།)མ་དངུལ་བཞག་པའི་ཕན་ཡོད་རང་བཞིན་དང་གནད་ལ་ཁེལ་ཚད་ཤུགས་ཡོད་རྒུས་ཇེ་མཐོར་གཏང་དགོས།

བསྟུད་མར་ཤུགས་བཏོན་ནས་ཕན་ཡོད་ཀྱི་མ་དངུལ་འཇོག་ཚད་རྒྱ་བསྐྱེད་དགོས། ཁ་ཕྱོགས་ཡང་དག་པར་འདེམ་པ་དང་ལས་གཞི་གལ་ཆེན་ལ་དམིགས་ཤིང། ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་དང་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། “ལམ་གཅིག་རྒྱུད་གཅིག” དང་རྣམ་པ་གསར་བའི་མཁར་གྲོང་ཅན་དུ་བསྒྱུར་བ། གསར་གཏོད་ལ་བརྟེན་ནས་ཡར་སྐུལ་སོགས་འཐབ་ཇུས་གལ་ཆེན་ལ་གཞིགས་ནས། རྐང་འཛུགས་ས་མཐོ་བ་དང་སྐུལ་ཁྲིད་ནུས་པ་དྲག་པའི་མ་དངུལ་གཏོང་སའི་ཡུལ་གྲུ་གཙོ་བོ་སྐོར་ཅིག་བཏོན་ནས་ཐོན་སྐྱེད་རང་བཞིན་ལ་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་གཏོང་བ་དང། དེང་སྐབས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཏུ་ཕུགས་རྒྱང་རིང་བོའི་འཕེལ་རྒྱས་ལ་རྨང་གཞི་གདིང་དགོས། ཧུར་ཐག་གིས་བརྩོན་ལེན་བྱས་ཏེ་རྒྱལ་ཁབ20ཡི་ཁྱབ་ཁོངས་སུ་གནད་ལ་ཁེལ་བའི་སྒོ་ནས་མ་དངུལ་བཞག་ནས་ཞན་ཆ་ཁ་གསབ་པའི་ལག་བསྟར་འཆར་ཟིན་དང་ཕན་ཡོད་ཀྱིས་འབྲེལ་མཐུད་བྱས་ཐོག རྒྱལ་ཁབ་ཀྱིས་ལས་གཞི་ཆེན་པོ་གཟུག་པར་མྱུར་བར་ཞིབ་མཆན་འགོད་པའི་ཐབས་ལམ་གོ་སྐབས་དམ་འཛིན་བྱེད་པ་དང། “པུའུ་རུ་རྒྱུག་པའི”ཤུགས་ཚད་ཇེ་ཆེར་བཏང་ནས་ལས་གཞི་ཆེན་པོ་སྐོར་ཅིག་བཙུགས་ནས་བསྐྲུན་པར་བརྩོན་ལེན་དང། རྒྱལ་ཁབ་ཀྱི་མ་དངུལ་རིགས་སྣ་ཚོགས་དངོས་འབེབ་བྱས་ཚད་ལོ་སྔོན་མའི་ཆུ་ཚད་ལས་མི་དམའ་བ་བརྩོན་ལེན་བྱ་དགོས། ཐོན་ལས་ཐད་མ་དངུལ་འཇོག་པ་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་གཙོ་གནད་བྱས་ཏེ་གསར་དར་ཐོན་ལས་གསོ་སྐྱོང་དང་ལག་རྩལ་སྒྱུར་བཀོད། ཚོང་འགུག་དངུལ་འདྲེན་གྱི་རྒྱ་བསྐྱེད་ཅིང་ཆིངས་ཡིག་བཀོད་པའི་ལས་གཞི་ལས་བཟོ་ལས་ཐད་མ་དངུལ་འཇོག་པའི་ལས་གཞི་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་བྱ་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ཀྲུང་དབྱང་གི་སྔོན་རྩིས་ནང་དང་ས་གནས་སྲིད་གཞུང་གི་བུན་འཛིན། ཞིང་ཆེན་རིམ་པའི་སྔོན་རྩིས་ནང། ཐེབས་རྩ་ལས་སྟེགས་སྣ་ཚོགས་སོགས་མ་དངུལ་བེད་སྤྱོད་ལེགས་པོ་དང་འཁྲུག་པོར་གཏོང་བ་དང། ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་ལྷུ་ཚིགས་ལ་དམིགས་ནས་བཞག་སྟེ་ཐར་ཐོར་དུ་འཇོག་པར་སྔོན་འགོག་བྱ་དགོས། གོ་སྐབས་དམ་འཛིན་དང་དུས་ཀྱི་ཁྱད་པར་བེད་སྤྱད་དེ་དགུན་ཁར་སོས་དལ་བ་དེ་ཁོམ་སྐབས་མེད་པར་བཟོས་ཏེ། “ཉིན་བརྒྱར་འགག་གཏོར་འགུལ་སྐྱོད”ཏན་ཏིག་གིས་སྤེལ་ཞིང་ལས་གཞི་སྐོར་ཅིག་སྔ་རོལ་དུ་སྐྲུན་མགོ་བརྩམས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་པར་རྨང་གཞི་གདིང་དགོས།

རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་དགོས། འགྲིམ་འགྲུལ་ཐད་ནས། ན་གོར་མོ་ནས་ཏུང་ཧོང་བར་གྱི་ལྕགས་ལམ་དང་མདོ་དབུས་ལྕགས་ལམ་སྟེང་གི་ན་གོར་མོ་ནས་ལྷ་སའི་བར་གྱི་རིམ་པའི་ནུས་པ་ཆེར་བསྐྱེད་སྒྱུར་བཀོད་ལས་གྲྭ་ཕལ་ཆེར་ཡོངས་འགྲུབ་བྱེད་པ་དང། ན་གོར་མོ་ནས་ཁོར་ལེ་བར་གྱི་ལྕགས་ལམ་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཐོག ཟི་ལིང་ནས་ཁྲང་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་ཚའོ་ཅཱ་པའོ་ལྕགས་ལམ་དངོས་ཟོང་འཁོར་རྒྱུག་རྟེན་གཞི་དང་ན་གོར་མོའི་ལྕགས་ལམ་འགྲིམ་འགྲུལ་ལྟེ་གནས་སྐྲུན་མགོ་བརྩམ་པ་དང། ཟི་ལིང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོ་མ་སྐྲུན་སྔོན་གྱི་བྱ་བར་སྐུལ་འདེད་གཏང་དགོས། རྫ་མ་ལུང་ནས་རིག་སྨོན་བར་གྱི་མྱུར་ལམ་སོགས་གཞུང་ལམ་ལས་གཞི30མུ་མཐུད་དུ་བསྐྲུན་པ་དང། མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་ལམ་བསྐྲུན་ནས་ཡོངས་སུ་འགྲུབ་ཅིང། ནུབ་མཚོ་ནས་ཚྭ་ཧན་ནོར་བར་སོགས་རིམ་པ་མཐོ་བའི་གཞུང་ལམ་ལས་གཞི6དང་རིམ་པ་གཉིས་པའི་གཞུང་ལམ་ལས་གཞི6། གྲོང་གསེབ་དང་གནས་སྐོར་གྱི་བགྲོད་ལམ་སྐོར་ཅིག་དང“ཐོགས་མེད་ཀྱི་ཟི་ལིང”ལས་གྲྭ་སྐྲུན་མགོ་བརྩམ་དགོས། ན་གོར་མོ་གནམ་གྲུ་ཐང་སྒྱུར་སྐྲུན་རྒྱས་སྐྲུན་ལས་གྲྭ་བསྐྲུན་ནས་བེད་སྤྱོད་པར་ཁག་ཐེག་དང། མདོ་ལ་གནམ་གྲུ་ཐང་བསྐྲུན་ནས་ཕལ་ཆེར་འགྲུབ་པར་བཅུག་ཐོག ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་དང་ཚའོ་ཅཱ་པའོ་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སྐྲུན་མགོ་བརྩམ་པ་དང། ཁྲི་ཀ་དང་ཏུའུ་ལེན་ཀུན་སྤྱོད་གནམ་གྲུ་ཐང་སྐྲུན་མགོ་བརྩམ་པར་བརྩོན་ལེན་དང་མཚོ་སྔོན་པོ་གནམ་གྲུ་ཐང་མ་སྐྲུན་སྔོན་གྱི་བྱ་བ་མྱུར་བར་བསྒྲུབ་དགོས། ནུས་ཁུངས་ཐད་ནས། རྒྱལ་ཡོངས་སུ་ཆེས་ཆེ་བའི་ཆུ་དང་ཉི་འོད། རླུང་བཅས་དག་གཙང་ནུས་ཁུངས་ཕན་ཚུན་ཁ་གསབ་པའི་རྟེན་གཞི་བསྐྲུན་པ་དང་ཕ་བོང་འགག་ཆུ་གློག་ས་ཚིགས་བསྐྲུན་ནས་ཡོངས་འགྲུབ་བྱས་ཐོག དམར་ལྡང་སོགས་ཆུ་གློག་ས་ཚིགས་བསྐྲུན་པར་སྐུལ་འདེད་གཏང་དགོས། ཉི་འོད་ནུས་པའི་འོད་ཝོལ་འཕྲུལ་འཁོར་སྟོང་ཝོལ་ཁྲི་ཚོ100དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར་སྟོང་ཝོལ་ཁྲི་ཚོ100ཡན་སྒྲིག་སྦྱོར་བྱ་རྒྱུ་གསར་དུ་བཀོད་སྒྲིག་བྱེད་པ་དང། རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་འོད་ཚའི་གློག་འདོན་ལས་གཞི་གང་མགྱོགས་ཀྱིས་བསྐྲུན་པ་དང། ཚ་འདམ་གཞོང་གི2×300ཀྲའོ་རྩོལ་ཚད་སྙོམ་སྒྲིག་ཆས་ལས་གྲྭ་བསྐྲུན་པ་དང། མཚོ་ནུབ་ནས་མཚོ་སྔོན་གྱི་གློག་དྲ་གཙོ་བོར་གློག་སྐྱེལ་སྐུད་ལམ་གྱི་ནུས་པ་ཆེར་བསྐྱེད་སོགས་ལས་གཞི་བསྐྲུན་ནས་འགྲུབ་ཏུ་འཇུག་པ་དང། ནུས་ཁུངས་གསར་བ་ཕྱིར་སྐྱེལ་པའི་ཁྱབ་ཁོངས་དང་གཞི་ཁྱོན་རྒྱ་བསྐྱེད་དགོས། ཆུ་བེད་ཐད་ནས། སྨར་སྐམ་ཆུ་མཛོད་དང་སྐྱེས་རི་འགག་ཆུ་མཛོད་ཀྱི་ཆུ་འདྲེན་ཁུལ། རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་པ་སོགས་ལས་གཞི་ཕལ་ཆེར་འགྲུབ་ཏུ་འཇུག་པ་དང། ཞོས་ཅི་འགག་ཆུ་བེད་ལྟེ་གནས་དང་ལ་ཞོལ་མའི་ཆུ་འདྲེན་ཁུལ་ལས་གྲྭར་གང་མགྱོགས་ཀྱིས་སྐུལ་འདེད་གཏོང་བ་དང། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་མ་ཡུར་དང་ཙོང་ཆུའི་མ་ཡུར་བྱང་མའི་ལས་གྲྭ་སྐབས་གཉིས་པ་སོགས་སྒོ་ཀུན་ནས་བསྐྲུན་པ་དང། ན་ལིན་ཀེ་ལིའུ་ཆུ་བེད་ལྟེ་གནས་སྐྲུན་མགོ་བརྩམས་ཐོག ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་ཚོ16དང་ས་ཆུ་ཤོར་བ་བཅོས་སྐྱོང་བྱས་པའི་ས་རྒྱ་སྤྱི་ལེ་གྲུ་བཞི་མ190ཇེ་མང་དུ་གཏང་དགོས། ཞིང་སྡེའི་བཏུང་ཆུ་གནོད་མེད་བདེ་འཇགས་དང་བརྟན་སྲུང་རིམ་སྤར་ལས་གྲྭ་མུ་མཐུད་དུ་བསྐྲུན་དགོས། ཆ་འཕྲིན་ཐད་ནས། རབས་བཞི་བའི་འཁྱེར་འཕྲིན་དྲ་རྒྱ་འཛུགས་པར་སྐུལ་འདེད་བཏང་ནས“འགྲོས་མྱུར་རིན་དམའ”ཡོང་བར་མངོན་འགྱུར་དང། ཟི་ལིང་ལྟེ་གནས་བྱས་ཏེ་མཐའ་འཁོར་དུ་འཕྲོ་འགྱེད་ཀྱི“ཐག་ཡངས་སྐུད་མེད་གྲོང་ཁྱེར་གྱི་ཁྱུ་ཚོགས”བསྐྲུན་དགོས། རྨང་གཞིའི་སྐྱེལ་གཏོང་དྲ་བ་དང་གཞི་གྲངས་ལྟེ་གནས། ཨང་ཀའི་སྲིད་དོན། ཁེ་ལས་ཆུང་འབྲིང་ཆ་འཕྲིན་ཅན། དངོས་འབྲེལ་དྲ་བ་སོགས་ཆ་འཕྲིན་ཅན་གྱི་བཟོ་འགོད་སྐོར་ཅིག་བསྐྲུན་པ་དང། ཆ་འཕྲིན་བདེ་འཇགས་འགན་སྲུང་ཐད་ཤུགས་བསྣན་ནས་སྤྱི་ཚོགས་ཡོངས་ཆ་འཕྲིན་ཅན་དུ་བསྒྱུར་ཚད་ཇེ་མཐོར་གཏང་དགོས།

དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་ཆེར་བསྐྱེད་དགོས། མ་དངུལ་འཇོག་པ་དང་རྒྱུན་འཁོར་གྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་དོན་ཚན་གསལ་ཐོ་གཏན་འབེབ་བྱས་ཏེ་མང་དཔྱད་གཅིག་སྒྲིལ་དང་མང་བཤེར་གཅིག་སྒྲིལ། རིས་མང་མཉམ་བཤེར། མཉམ་དུ་རྩིས་ལེན་སོགས་བྱེད་སྟངས་གསར་བ་ཁྱབ་སྤེལ་བྱ་དགོས། ནོར་སྲིད་ཀྱིས་ཐེབས་རྩར་ཁྲིད་སྟོན་ལས་སྟེགས་ངེས་པ་དོན་གྱིས་བསྐྲུན་པ་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐེབས་རྩ་སོགས་བེད་སྤྱོད་མགོ་བརྩམས་ཐོག མ་དངུལ་རྒྱུན་འཁོར་གྱི་རྐྱེན་སྲོལ་སྣ་མང་ཅན་གཟུག་དགོས། pppཡི་མ་དཔེ་ཤུགས་ཆེན་པོས་ཁྱབ་གདལ་དང་བེད་སྤྱོད་བྱེད་པ་དང་ཆ་ཚང་སྡེབ་སྒྲིག་གི་བྱེད་ཐབས་བྱེ་བྲག་པ་གང་མགྱོགས་ཀྱིས་ཕྱིར་འདོན་དགོས་ཤིང། ཚོང་གཉེར་གྱི་གྲོན་དངུལ་བསྡུ་བའི་ཚད་གཞི་ལུགས་དང་མཐུན་པར་གཏན་ཁེལ་བྱས་ཏེ་ལས་གཞིའི་ཡིད་འགུག་ནུས་པ་ཇེ་དྲག་ཏུ་གཏང་དགོས། སྒོ་ཀུན་ནས“འབབ་ཚུགས་གཅིག་ལྟར”དྲ་ཐོག་ཏུ་མཉམ་འབྲེལ་གྱིས་ཞིབ་མཆན་འགོད་པ་དང། དམངས་ཁྲོད་ཀྱི་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་ནན་ཏན་སྒོས་དངོས་འབེབ་དང། འདྲ་མཉམ་སྒོས་འགྲན་རྩོད་བྱེད་པའི་ཚོང་རའི་རྐྱེན་སྲོལ་འཛུགས་པ་དང་སྲིད་གཞུང་གི་ཕན་ཆེ་སྤུས་ལེགས་ཀྱིས་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཚོང་པར་ཉེ་པོ་དང་བདེ་འགོད། ཕྱུག་སྒྱུར། བརྟན་འཇགས་བཅས་བྱེད་པའི་ཁོར་ཡུག་བསྐྲུན་དགོས།

(བཞི།)འཛད་སྤྱོད་དགོས་མཁོའི་སྦས་ཤུགས་གཏིང་ཟབ་པར་སྔོག་འདོན་བྱ་དགོས།

འཛད་སྤྱོད་ཀྱི་གདང་རིམ་མགྱོགས་མྱུར་ངང་འཕར་བར་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཀྱི་རྒྱ་བསྐྱེད་པའི་འགུལ་སྐྱོད་ཆེན་པོ་བཅུ་ལེགས་འཛིན་བྱས་ནས། ཞབས་ཕྱི་སྒྲུབ་སྟངས་གསར་གཏོད་དང་ས་མཚམས་བརྒལ་ནས་མཉམ་བསྲེས། ཕྱོགས་སྣེ་མང་པོར་རྒྱ་བསྐྱེད་དེ་སྣ་མང་ཅན་གྱི་འདོན་མཁོ་འབྲེལ་མཐུད་བྱ་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཞི་རྩའི་སྨན་བཅོས་མིན་པའི་ཞབས་ཕྱི་བསྒྲུབ་པར་རྒྱབ་སྐྱོར་དང། སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་དང་བདེ་ཐང་དོ་དམ། ཁམས་གསོ་བདག་སྐྱོང་སོགས་ཞབས་ཕྱི་གསར་བ་ཧུར་ཐག་གིས་གསར་གཏོད་བྱ་དགོས། སློབ་གྲྭ་དང་ཁེ་དོན་ལས་སྡེ་ཚན་གྱི་ལུས་རྩལ་སྒྲིག་བཀོད་དེ་སྤྱི་ཚོགས་སུ་སྒོ་འབྱེད་པར་སྐུལ་འདེད་བྱ་དགོས། བཟོ་ལས་ཀྱི་འཛད་རྫས་དང་ཟས་རིགས་གཙོ་གནད་བྱས་ཏེ། རིགས་སྣ་མང་གཏོང་དང་སྤུས་ཀ་མཐོར་འདེགས། མིང་རྟགས་གྲགས་ཅན་བསྐྲུན་པའི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང། ཕྱི་ནང་གཉིས་ཀར་འཚོང་བའི་ཐོན་རྫས་ཀྱི“ལམ་ཕྱོགས་དང་ཚད་གཞི། སྤུས་ཀ་བཅས་གཅིག་པའི”ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་ཅིང། སྤུས་ཀ་ལེགས་ཤིང་ཆུ་ཚད་མཐོ་བའི་ཐོན་རྫས་ཕན་ཡོད་ཀྱིས་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏང་དགོས། ཐོན་རྫས་ཀྱི་སྤུས་ཚད་ཀྱི་ཁུངས་འདེད་པའི་མ་ལག་དང་ཆད་པ་རང་བཞིན་གྱི་སྐྱིན་ཚབ་འཇལ་བའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང། རླངས་འཁོར་འཇོག་དཀའ་བ་དང་གློག་གསོག་བྱེད་ཕུར་བ་ཉུང་བ། འཁྱག་འབྲེལ་དངོས་ཟོང་འཁོར་རྒྱུག་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅད་དགོས།

སྡོད་དམངས་ཀྱི་ཡོང་སྒོ་སྤར་ནས་འཛད་སྤྱོད་ནུས་པ་ཇེ་ཆེར་གཏང་དགོས། རྒྱལ་ཁབ་ཀྱི་ཚོགས་སྤྱི་གཙོ་བོའི་གསོན་ཤུགས་དྲག་པོར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་སྤར་བའི་སྐོར་གྱི་ལག་བསྟར་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པ་དང། ནུས་རྩལ་ལྡན་པའི་མི་འཇོན་པོ་དང་གསར་བྱུང་ཆེད་གཉེར་ཞིང་པ། ཚན་རྩལ་མི་སྣ་སོགས་ཚོགས་སྤྱི་ཆེན་པོ་བདུན་ལ་དམིགས་ནས་རིག་སྟོབས་དང་ལག་རྩལ་སོགས་རྒྱུ་རྐྱེན་གཙོ་བོ་དག་བགོ་བཤའ་རྒྱག་པའི་ཁྲོད་བཞག་སྟེ་འབྲིང་རིམ་ཚོགས་སྤྱིའི་ཡོང་སྒོ་ཤུགས་ཡོད་རྒུས་སྤར་དགོས། མཁར་གྲོང་གི་སྡོད་དམངས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྤར་བ་དང་མཐའ་འཁོབ་དཀའ་སྡུག་ཆེ་བའི་ས་ཁུལ་གྱི་ཕོགས་སྣོན་ལམ་ལུགས་དངོས་འབེབ་དང། དོན་ལས་སྡེ་ཚན་གྱི་ལས་ཕྱོད་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང། གཞི་རྩའི་རྒན་གསོའི་གྲོན་དངུལ་ཇེ་མང་དང་མ་མཐའི་འཚོ་བ་འགན་སྲུང་གི་ཐོབ་ཐང་ཚད་གཞི་ཇེ་མཐོར་གཏང་དགོས། ཞིང་ལས་སྟོབས་ལྡན་དང་ཞིང་པར་ཕན་ཁེ་བསྐྲུན་པའི་སྲིད་ཇུས་བྱེད་ཐབས་དངོས་འབེབ་བྱས་ནས། རོང་འབྲོག་པའི་བདག་གཉེར་གྱི་ཡོང་སྒོ་དང་རྒྱུ་ནོར་འཁོར་རྒྱུག་གི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་རོང་འབྲོག་པའི་རྒྱུ་ནོར་རང་བཞིན་དང་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོས་ཟིན་པའི་བསྡུར་ཚད་ཇེ་མཐོར་གཏང་དགོས།

དེང་རབས་ཞབས་ཕྱི་ལས་རིགས་འཕེལ་རྒྱས་ཀྱི་རིམ་པ་ཇེ་མཐོར་གཏང་དགོས། ཚད་གཞི་མཐོན་པོའི་སྒོ་ནས་དེང་རབས་ཞབས་ཕྱི་ལས་རིགས་དེ་སྤུས་ལེགས་ནུས་ཆེའི་ཕྱོགས་སུ་འཕེལ་བར་འཆར་ཇུས་འགོད་པ་དང། ཞབས་ཕྱི་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད་དང་བྱས་རྗེས་བཞག་ཚད་སྔར་ལས་ཇེ་ཆེ་ཇེ་མང་དུ་གཏང་དགོས། གནས་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་གནས་སྐོར་ཐད་ཀྱི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ནས། གཙོ་བོ་ཤུགས་རྐྱེན་ཆེ་ཞིང་འགྲན་རྩོད་ནུས་པ་དྲག་པའི་མཛེས་ལྗོངས་མིང་གྲགས་ཅན10འཛུགས་སྐྲུན་དང་ཁྱབ་ཁོངས་རང་བཞིན་གྱི་གནས་སྐོར་གྱི་རྫོང་མིང་གྲགས་ཅན10བསྐྲུན་དགོས། “རིག་ལྡན་གནས་སྐོར”བསྐྲུན་པ་དང“གནས་སྐོར+”གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བཏང་ཐོག ཁམས་ར་སོགས་མཛེས་ལྗོངས་གཙོ་གྲས་ཀྱི་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། མཚོ་བྱང་ཁུལ་ཧྲིལ་བོ་གནས་སྐོར་དཔེ་སྟོན་བྱ་ཡུལ་དུ་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། མཚོ་སྔོན་པོ་འཛམ་གླིང་གི་མཛེས་ལྗོངས་རབ་གྲས་སུ་བསྐྲུན་པར་བློ་བཀོད་བློ་ཇུས་འཐེན་པ་དང་རྒྱ་ཆེན་པོས་འཆར་འགོད་དང་ཚད་གཞི་མཐོན་པོས་འཛུགས་སྐྲུན། ཆུ་ཚད་མཐོན་པོས་འཁོར་སྐྱོད་ཚོང་གཉེར་བྱས་ཐོག རིམ་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས། དེང་རབས་དངོས་ཟོང་འཁོར་རྒྱུག་འཕེལ་རྒྱས་སུ་གཏོང་བ་དང། འཁྱག་འབྲེལ་དངོས་ཟོང་འཁོར་རྒྱུག་དང་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་རྒྱལ་སྤྱིའི་ཁྲོམ་ར་སོགས་ལས་གཞི་ལེགས་པར་བསྐྲུན་ནས་དངོས་ཟོང་འཁོར་རྒྱུག་གི་འདེགས་བྱེད་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། ཉོ་ཚོང་ཞབས་ཕྱི་དང་རིག་གནས་ལུས་རྩལ། སྡེ་གླིང་གི་ཞབས་ཕྱི་སོགས་འཚོ་བ་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་སྒྱུར་བཀོད་རིམ་སྤར་དང། གྲོང་ཁྱེར་རིག་གནས་འཛུགས་སྐྲུན་གྱི་རོལ་རྩེད་ཕྱོགས་བསྡུས་ཅན་ནང་འདྲེན་བྱ་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་དེ་ཆེད་ལས་ཅན་གྱི་ཕྱོགས་སུ་འཕེལ་ཞིང་རིན་གོང་མཐོ་རྩེའི་ཕྱོགས་སུ་མུ་བསྲིང་བར་སྐུལ་འདེད་དང། བཟོ་སྐྲུན་ལས་རིགས་ཀྱི་གདང་རིམ་སྤར་བར་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

(ལྔ།)ནོར་སྲིད་དངུལ་ལོར་གྱི་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏང་དགོས།

སྔར་ལས་དགེ་མཚན་དང་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་དགོས། ལས་གཞི་ཆེན་པོར་དམིགས་ནས་སྤྱི་པའི་ནོར་ཤུགས་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ས་གནས་ཀྱི་བུ་ལོན་གྱི་གཞི་ཁྱོན་རྒྱ་བསྐྱེད་པར་ཧུར་ཐག་གིས་བརྩོན་ལེན་བྱ་དགོས། སྔོན་རྩིས་བཀོད་སྒྲིག་དང་གསོག་དངུལ་ཧུར་པོར་གཏོང་བ། མ་དངུལ་སྔ་འཇོག ཆེད་སྤྱོད་མ་དངུལ་རུབ་སྡུད་སོགས་བྱེད་ཐབས་མུ་མཐུད་དུ་སྤྱད་དེ་གཙོ་གནད་འགན་སྲུང་དང། ནོར་སྲིད་ཀྱིས་བཏང་བའི་མ་དངུལ་གྱིས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་ཀྱི་ནུས་པ་བརྟན་སྲུང་དང་རྒྱ་བསྐྱེད་དགོས། སྒྲིག་གཞི་རང་བཞིན་གྱི་དཔྱ་ཁྲལ་ཉུང་འཕྲི་དང་ཡོངས་ཁྱབ་རང་བཞིན་གྱི་གྲོན་དངུལ་ཉུང་བསྡུའི་སྲིད་ཇུས་སྔར་ལས་ལྷག་པར་དངོས་འབེབ་བྱས་ཐོག ཚོང་རའི་གཙོ་གཞི་དང་ཁྲལ་འབབ་འཕར་ས་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། ཚན་རྩལ་གསར་གཏོད་ཀྱིས་ཐེབས་རྩར་ཁྲིད་སྟོན་གྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང། བརྟན་འཇགས་ངང་རོགས་སྐྱོར་དང་འགྲན་རྩོད་རང་བཞིན་ལྡན་པར་རོགས་སྐྱོར་ཕན་ཚུན་མཐུན་སྦྱོར་བྱེད་པའི་གཏོང་འཇོག་རྐྱེན་སྲོལ་གཟུག་དགོས། སྲིད་གཞུང་གིས་ཐེབས་རྩ་འཁོར་རྒྱུག་ལ་ཁྲིད་སྟོན་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ངེས་པ་དོན་གྱིས་ནུས་པ་འདོན་སྤེལ་བྱ་དགོས། “འཚོ་བ་གྲོན་ཆུང་ངང་སྐྱེལ་པའི”བསམ་བློ་བརྟན་པོར་བཅངས་ཤིང་ཞིབ་རྩིས་བརྒྱབ་ཏེ་སྤྱིར་བཏང་གི་འགྲོ་སྒོ་ཉུང་གཏོང་བྱ་དགོས།

དངུལ་ལོར་གྱིས་དངོས་གཉེར་དཔལ་འབྱོར་ལ་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། དངུལ་ལོར་གྱིས་མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་ལ་རོགས་སྐྱོར་བྱེད་ཐབས20དངོས་འབེབ་དང། དངུལ་ཁང་ལ་འཁྲོལ་ཡོད་དངུལ་བུན་གཏོང་བའི་སྲིད་ཇུས་དངོས་འབེབ་བྱས་ནས་བཟོ་ལས་ཐོན་ལས་ཀྱི་རིམ་པ་སྤར་བར་རོགས་སྐྱོར་དང། མཐོ་གསར་ལག་རྩལ་ལྡན་པའི་ཁེ་ལས་དང་ལག་རྩལ་སྒྲིག་ཆས་གལ་ཆེན། བཟོ་ལས་ཀྱི་རྨང་གཞི་བརྟན་བཟོའི་ལས་གྲྭ་སོགས་ཁྱབ་ཁོངས་སུ་མ་དངུལ་མང་དུ་གཏང་བར་ཁྲིད་སྟོན་བྱ་དགོས། དངུལ་བུན་གཏོང་བའི་གཞི་ཁྱོན་འཕར་ཚད20%དང་ཐད་ཀར་མ་དངུལ་རྒྱུན་འཁོར་བྱས་ཚད་སྒོར་དུང་ཕྱུར600ཡན་སྲུང་འཛིན་དང། སྤྱི་ཚོགས་ཀྱི་མ་དངུལ་རྒྱུན་འཁོར་བྱས་པའི་བསྡོམས་འབོར་སྒོར་དུང་ཕྱུར1600ལས་བརྒལ་ཏུ་འཇུག་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་དང་ས་གནས་དངུལ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་ཆུང་གྲས་དང“ཞིང་གསུམ”། སྤྱི་ཚོགས་ལས་དོན་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྲིད་གཞུང་དང་དངུལ་ཁང། ཁེ་ལས་བཅས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ལས་གཞི་ཆེན་པོར་མ་དངུལ་རྒྱུན་འཁོར་བྱེད་པར་མཁོ་བའི་ལས་གཞིའི་མཛོད་བཙུགས་ནས་དངུལ་བུན་གྱི་ཆ་འཕྲིན་ཆ་མི་འགྲིག་པའི་གནད་དོན་ཤུགས་ཡོད་རྒུས་ཐག་གཅད་དགོས། མ་རྐང་འཛིན་དབང་དང་བུན་འཛིན་གྱི་མ་དངུལ་རྒྱུན་འཁོར་བྱེད་པར་སྐུལ་འདེད་དང། ཆིང་ཡུང་སྡེ་ཚོགས་དང་ནུས་འདུས་ཐེའི་ལས་རིགས། ཚྭ་མཚེའུ་འཕྲུལ་གློག་སོགས་ཁེ་ལས་ཀྱིས་མ་རྐང་གང་མགྱོགས་སྒོས་ཚོང་རར་བཀྲམ་ནས་མ་དངུལ་ཐད་ཀར་རྒྱུན་འཁོར་གྱི་བསྡུར་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏང་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པ་དང་རྒྱུན་འཁོར་གྱི་ལས་སྟེགས་རྣམ་པ་གཞན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་ཚོང་ར་ཅན་དུ་མ་དངུལ་རྒྱུན་འཁོར་གྱི་ནུས་པ་ཇེ་དྲག་ཏུ་གཏང་དགོས།

ནོར་སྲིད་དང་དངུལ་ལོར་མཉམ་འགུལ་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏང་དགོས། སྲིད་གཞུང་གིས་ཞབས་ཕྱི་ཉོ་བར་དངུལ་བུན་གཏོང་བའི་རྐྱེན་སྲོལ་འཚོལ་ཞིབ་སྒོས་གཟུག་དགོས། ནོར་སྲིད་མ་དངུལ་ལ་བརྟེན་ནས་དངུལ་ལོར་མ་དངུལ་དུས་སྔོན་དུ་གཏང་བར་ཁྲིད་སྟོན་དང་ནོར་སྲིད་མ་དངུལ་གྱི་ལྡབ་གྲངས་ཇེ་ཆེར་བཏང་ནས། སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་བསྐྲུན་པར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། དངུལ་ཁང་གི་ནོར་སྲིད་ཀྱིས“སྤྲོད་དངུལ་སྔ་འདོན”དངུལ་བུན་གཏོང་བའི་རྐྱེན་སྲོལ་བཙུགས་ཏེ། མ་དངུལ་ཁ་ཐོར་གྱིས་གཏོང་བ་དེ་གཅིག་བསྡུས་ཀྱིས་གཏོང་བར་བསྒྱུར་དགོས། ནོར་སྲིད་ཀྱིས་སྐྱེད་ཀ་ཁ་གསབ་དང་ཉེན་ཁར་ཁ་གསབ་སྟེར་བ། རྐང་དབང་མ་དངུལ་དུ་འཇོག་པ་སོགས་བྱེད་སྟངས་སྤྱད་དེ། ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་དངུལ་གྱིས་ཚོང་གཉེར་རང་བཞིན་གྱི་ཁྱབ་ཁོངས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་བར་སྐུལ་དགོས། ནོར་སྲིད་དང་ཉེན་སེལ་འགན་བཅོལ་མཉམ་བསྲེས་བྱེད་པར་དེ་བས་སྐུལ་འདེད་བཏང་ཐོག ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་མ་དངུལ་གྱི་ཁྲིད་སྟོན་ནུས་པ་ཤུགས་དྲག་ཏུ་བཏང་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཀྱི་ཉེན་སེལ་འགན་བཅོལ་ལ་ཉེན་ཁའི་ཁ་གསབ་ངེས་ཅན་ཞིག་སྟེར་དགོས། རྒྱལ་མཛོད་མ་དངུལ་འཁོར་རྒྱུག་ལ་དོ་དམ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་དངུལ་ལོར་ལས་ཁུངས་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱ་དགོས།

(དྲུག)ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏང་དགོས།

ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏང་དགོས། ལན་གྲུའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་འབྲེལ་མཐུད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང“ལྟེ་གནས་གཅིག་དང་ས་རྒྱུད་གཉིས། ར་བ་གཅིག”གི་ཁྱབ་སྟངས་གསར་བ་དངོས་འབེབ་བྱས་ཐོག ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཤོང་ཚད་རྒྱ་བསྐྱེད་དང་གཞན་སྒྱུར་རིམ་སྤར་མངོན་འགྱུར་བྱ་དགོས། ཟི་ལིང་གོ་གནས་གཙོ་བོ་ནས་ཤུགས་རྐྱེན་ཆེ་ཞིང་འཕྲོ་འགྱེད་ཀྱི་རྒྱ་ཆེ་བ། སྐུལ་ཁྲིད་ཀྱི་ནུས་པ་དྲག་པའི་ཕྱོགས་སུ་བསྒྱུར་བར་རོགས་སྐྱོར་དང། ཆུ་ཚོད་གཅིག་གིས་ཐོན་པའི་མཐའ་འཁོར་དུ་ཐོན་ལས་ར་བ་དང་དངོས་ཟོང་འཁོར་རྒྱུག་ར་བ། གནས་སྐོར་ར་བ། སྐྱེ་ཁམས་ར་བ། འགྲིམ་འགྲུལ་ར་བ་བསྐྲུན་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་ཆེན་པོ་བསྐྲུན་དགོས། མཚོ་ཤར་ཀྱིས་གནས་ཐིག་གཏན་ལ་ཁེལ་བར་མུ་མཐུད་དུ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་ཆགས་སྟངས། དམངས་ཚིས་ལེགས་སྒྱུར། སྐྱེ་ཁམས་སྲུང་སྐྱོང་སོགས་བྱ་བ་གཙོ་བོ་ལེགས་འཛིན་བྱས་ནས། ཟི་ལིང་གྲོང་ཁྱེར་དང་གནས་འཛུར་བ་དང་མཉམ་ལས། ཕན་ཚུན་ཁ་གསབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་བར་རོགས་སྐྱོར་བྱ་དགོས། ཟི་ལིང་དང་མཚོ་ཤར་མཐའ་འཁོར་གྱི་རྫོང7གྱིས“འཁོར་སྐར་གྲོང་ཁྱེར”གྱི་སྤྱི་ཡོངས་ཆགས་སྟངས་ལྟར་བསམ་ཕྱོགས་རྒྱ་བསྐྱེད་པ་དང་གནས་ཐིག་ཡང་དག་པར་འཚོལ་བ། ཁྱད་ཆོས་འབུར་དོད། དགེ་མཚན་འདོན་སྤེལ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འདུ་ཤེས་བཅངས་ནས་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་མཐུན་སྦྱོར་དང་སྐུལ་འདེད་གཏང་དགོས།

བོད་ཁུལ་མཐུན་སྦྱོར་ངང་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། རྒྱལ་ཁབ་ཀྱི་བོད་ཁུལ་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབ་ཟབ་མོ་བྱེད་པ་དང། བོད་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་ལས་གཞི་བརྟན་བརླིང་ངང་ལག་བསྟར་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏང་དགོས། ཚྭ་འདམ་གཞོང་དུ་མཚོ་ནུབ་མགྱོགས་མྱུར་ངང་གོང་སྤེལ་དང་དཔལ་འབྱོར་གཞན་སྒྱུར་སྐོར་གྱི་བསམ་འཆར་དངོས་འབེབ་ཟབ་མོ་བྱེད་པ་དང། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་ཐོན་ལས་ཁ་གསབ་མུ་འབྲེལ་ལས་གཞི་སྐོར་ཅིག་བསྐྲུན་ཐོག རྒྱལ་ཡོངས་སུ་གལ་ཆེ་བའི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ་དང་རྣམ་པ་གསར་བའི་བཟོ་ལས་ཅན་དུ་སྒྱུར་བའི་རྟེན་གཞི། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གོང་དུ་སྤེལ་བའི་དཔེ་སྟོན་ཁུལ་བསྐྲུན་དགོས། མཚོ་སྐོར་ས་ཁུལ་དུ་ཁྱད་ཆོས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་འདེབས་གསོ་དང་ལས་སྣོན། གནས་སྐོར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་དུ་སྤེལ་བ་དང། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་གནས་སྐོར་དང་དེང་རབས་སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་གྱི་དཔེ་སྟོན་ཁུལ་བསྐྲུན་དགོས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དར་སྤེལ་བཟོ་འགོད་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མགོ་ལོག་གོང་དུ་སྤེལ་བར་རོགས་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དངོས་འབེབ་བཟང་པོ་བྱ་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་བྱ་བ་སྣ་ཚོགས་ལེགས་འཛིན་བྱས་ནས། རྒྱལ་ཁབ་ཀྱི་ལྗང་མདོག་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ། ཁྱད་ཆོས་ལྡན་པའི་རིག་གནས་མྱོང་རོལ་གནས་སྐོར་བྱ་ཡུལ་གལ་ཆེན་འབད་པས་བསྐྲུན་དགོས།

སྡེ་གླིང་གཙོ་བོའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་རིམ་པས་བཟོ་ལས་སྡེ་གླིང་གོང་དུ་སྤེལ་བར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། གྲོང་ཁྱེར་ཁྱུ་ཚོགས་སྐྲུན་པ་དང་ཟུང་དུ་སྦྲེལ་ཏེ་ཐོན་སྐྱེད་ནུས་ཤུགས་དང་ཐོན་ལས་གཙོ་བོ་ལུགས་དང་མཐུན་པར་བཀོད་སྒྲིག་བྱས་ཏེ་གནས་འཛུར་ནས་གོང་དུ་སྤེལ་དགོས། ལས་རིགས་གཅིག་འདུས་ཀྱི་ཚད་སྔར་ལས་ཇེ་མཐོ་དང། བཟོ་ལས་དང་གཙོ་ཁྲིད་ཐོན་ལས་ཀྱི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས། ཚད་ལྡན་དུ་བཅོས་སྐྱོང་བྱས་ནས་མིང་སྟོང་ཙམ་ལས་མེད་པའི་གསར་སྤེལ་ཁུལ་སྐོར་ཅིག་གི་མིང་བྱང་ལེན་དགོས། སྡེ་གླིང་གི་ཐེག་ནུས་ཇེ་དྲག་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང། སྡེ་གླིང་སྐོར་ཅིག་གི་ཆུ་འདོན་ཕྱུང་དང་གློག་ཤུགས། བགྲོད་ལམ། ཚ་ནུས། སོལ་རླངས་སོགས་ལས་གཞི་བསྐྲུན་ཐོག སྡེ་གླིང་གི་སྤྱི་པའི་ཆ་འཕྲིན་ཞབས་ཕྱིའི་ལས་སྟེགས་བསྐྲུན་དགོས། སྡེ་གླིང་བཅོས་སྒྱུར་བྱ་བར་སྐུལ་འདེད་དང་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་ལྷག་པར་མཐུན་སྦྱོར་བྱས་ཐོག དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་སྡེ་གླིང་ལ་དོ་དམ་དབང་ཆ་དང་རང་བདག་གི་དབང་ཆ་སྔར་ལས་མང་པོ་སྤྲོད་པ་དང། སྡེ་གླིང་གི་གསོན་ཤུགས་དང་སྒུལ་ཤུགས་བསྐྱར་སྒྲིག་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་ཀྱི་བཙན་ས་གསར་བ་དང་གསར་གཏོད་གོང་སྤེལ་གྱི་སྣེ་ཁྲིད་མཁན་གསར་བ་བསྐྲུན་དགོས། རྫོང་ཁོངས་དཔལ་འབྱོར་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་དངོས་འབེབ་དང། བར་སྟོང་གི་ཁྱབ་སྟངས་དང་རྩོལ་ནུས་གནས་ཐིག་གཏན་ཁེལ་བྱེད་ཚུལ་ལེགས་སྒྱུར་བྱས་ཏེ། ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་གནས་འཛུར་བའི་སྒོ་ནས་གོང་སྤེལ་དང་སྣ་མང་ཅན་གྱི་དཔལ་འབྱོར་འཕར་སྣེ་བསྐྲུན་དགོས།

རྣམ་པ་གསར་བའི་མཁར་གྲོང་ཅན་དུ་བསྒྱུར་བར་གང་མགྱོགས་ཀྱིས་སྐུལ་འདེད་གཏང་དགོས། རྣམ་པ་གསར་བའི་མཁར་གྲོང་ཅན་དུ་བསྐྲུན་པར་སྐུལ་འདེད་གཏོང་བ་སོགས“ལག་བསྟར་བསམ་འཆར”བཞི་དངོས་འབེབ་བཟང་པོ་བྱེད་པ་དང། རྣམ་པ་གསར་བའི་མཁར་གྲོང་ཅན་དུ་བསྒྱུར་བའི་ཕྱོགས་བསྡུས་ཚོད་ལྟའི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་འཛིན་བྱས་ཐོག གནས་སྡོད་ལག་ཁྱེར་གྱི་ལམ་ལུགས་སྒོ་ཀུན་ནས་ལག་བསྟར་བྱས་ནས་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དེ་གཏན་སྡོད་མི་གྲངས་ཡོངས་ལ་ཁེབས་པར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་གསར་བ་གསོ་སྐྱོང་དང་རྒྱལ་ཁབ་ཀྱིས་གྲོང་ཁྱེར་འཛུགས་པའི་བྱ་བའི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་པའི་གོ་སྐབས་དམ་འཛིན་བྱས་ནས། མཚོ་ནུབ་ནུབ་རྒྱུད་ཀྱི་སྲིད་ཨུ་གསུམ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་བ་དམ་འཛིན་གྱིས་བསྒྲུབ་དགོས་ཤིང། གུང་ཧོ་དང་ཐུན་རིན། ཁྲི་ཀ ཧེ་ཡན་སོགས་རྫོང་གཏོར་ནས་གྲོང་ཁྱེར་འཛུགས་པ་དང་ཧོང་ཀྲུང་རྫོང་གཏོར་ནས་ཆུའུ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། མིན་ཡོན་དང་མིན་ཧོ། ཧུའུ་ཀྲུའུ་སོགས་མི་རིགས་རང་སྐྱོང་རྫོང་གསུམ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་ཐད་ནས་གྲོང་ཁྱེར་གྱི་སྒྲིག་སྲོལ་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས། ལོ་འཁོར་ནང་མཛེས་སྡུག་ལྡན་པའི་མཁར་གྲོང16དང་གྲོང་གསེབ300བསྐྲུན་པར་རྩ་འཛུགས་བཟང་པོ་བྱེད་པ་དང། ཁྱད་ཆོས་ལྡན་པའི་གྲོང་རྡལ་སྐོར་ཅིག་འཆར་འགོད་བྱས་ཏེ་གསར་དུ་བསྐྲུན་དགོས། གྲོང་ཁྱེར་གྱི་ས་འོག་ས་བླ་འཛུགས་སྐྲུན་བྱ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཐོག མཚོ་བལ་གྲོང་ཁྱེར་དང་ས་འོག་གི་ཕྱོགས་བསྡུས་སྦུག་ལམ། རིག་ལྡན་གྲོང་ཁྱེར་བསྐྲུན་པར་ཚོད་ལྟ་བྱ་བར་སྐུལ་འདེད་དང། གྲོང་ཁྱེར་དོ་དམ་གྱི་ཞན་ཆ་ཁ་གསབ་པའི་ལས་གྲྭ་སྐོར་ཅིག་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྱུར་བྱ་དགོས་ཤིང། སློབ་གསོ་དང་འཕྲོད་བསྟེན། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཐོན་ཁུངས་མཐུན་སྦྱོར་དོ་མཉམ་ངང་བཀོད་སྒྲིག་དང། མཁར་གྲོང་གི་བགྲོད་ལམ་དང་གད་སྙིགས་ཐག་གཅོད། ཆུ་དང་ཆུ་དྲོན་མོ་འདོན་སྤྲོད་སོགས་རོང་འབྲོག་ཁུལ་དུ་མུ་བསྲིང་པར་སྐུལ་འདེད་གཏོང་བ་དང། གད་སྙིགས་རིགས་དགར་བའི་ལམ་ལུགས་ཁེབས་པའི་ཁྱབ་ཁོངས་རྒྱ་བསྐྱེད་ཅིང། རྒྱང་རིང་མཐའ་འཁོབ་ཀྱི་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་མི་འཇོན་པོར་རོགས་སྐྱོར་འཆར་གཞི་ལག་བསྟར་བྱ་དགོས།

(བདུན།)ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་བཅོས་སྒྱུར་ཟབ་མོ་བྱ་དགོས།

“གཤམ་སྤྲོད་དང་དོ་དམ། ཞབས་ཕྱི”བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་སྤེལ་བྱ་དགོས། དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་མ་ལག་མཐུན་སྦྱོར་བྱས་ཏེ། འབྲེལ་ཡོད་དམ་ཆ་འདྲ་བའི་མཆན་འགོད་དོན་ཚན་གྱི“སྦྲེལ་ཐག་ཧྲིལ་བོ”མེད་པར་བཟོ་བའམ་གཤམ་དུ་སྤྲོད་པར་ཁག་ཐེག་དང། ལས་རིགས་སྣ་ཚོགས་ཀྱི་ཞུགས་འཐུས་ལག་ཁྱེར་དང་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་སྒོ་ཀུན་ནས་གཙང་བཤེར་བྱ་དགོས། ཁེ་ལས་ཀྱིས་མ་དངུལ་འཇོག་པའི་ལས་གཞི་ཁས་ལེན་ལམ་ལུགས་འཚོལ་ཞིབ་སྒོས་གསར་འཛུགས་བྱེད་པ་དང། ན་གོར་མོའི་ཞིབ་མཆན་འགོད་པའི་དབང་ཚད་ནང་གི་བཟོ་ལས་ལས་གཞིར་ཡང་བསྐྱར་ཞིབ་མཆན་མི་འགོད་པ་ཚོད་ལྟ་བྱ་བར་སྐུལ་འདེད་གཏང་དགོས། ཚོང་དོན་ལམ་ལུགས་བཅོས་སྒྱུར་ཟབ་མོ་དང་ཉོ་སྔོན་དུ་ཞིབ་མཆན་འགོད་པའི་དོན་ཚན་གྱི་གསལ་ཐོ་དང་ཉོས་རྗེས་ཀྱི་ཚོང་གཉེར་ཆོག་འཐུས་གསལ་ཐོ་གཏན་འབེབ་བྱེད་པ་དང། “དཔང་ཡིག་དང་ལག་ཁྱེར་སོར་འབྱེད”ཀྱི་ཚོད་ལྟའི་རྒྱ་བསྐྱེད་པ་དང་ལག་ཁྱེར་མང་པོ་གཅིག་བསྡུས་དང། དཔང་ཡིག་དང་ལག་ཁྱེར་མཉམ་དུ་སྒྲུབ་ལེན་བྱེད་སྟངས་ཁྱབ་སྤེལ་བྱ་དགོས། དོན་དག་སྒྲུབ་པའི་བར་སྐབས་དང་རྗེས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། “སྐབས་བསྟུན་གཉིས་དང་ཁྲོམ་སྒྲོག་གཅིག”གི་ལྟ་སྐུལ་དོ་དམ་བྱེད་སྟངས་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་དགོས། ཕྱོགས་བསྡུས་ཁྲིམས་འཛིན་བཅོས་སྒྱུར་བྱ་བར་སྐུལ་འདེད་དང། སྡེ་ཁག་དང་ས་ཁོངས་བརྒལ་ནས་ཁྲིམས་འཛིན་མཉམ་ལས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ལམ་ལུགས་སྒོ་ཀུན་ནས་ལག་བསྟར་དང་ཡིད་རྟོན་ལྟ་སྐུལ་དོ་དམ་ཐད་ཤུགས་བསྣན་དགོས། “འཕྲིན་སྦྲེལ་དྲ་བ+”ཡི་སྲིད་དོན་ཞབས་ཕྱི་བསྒྲུབ་པར་སྐུལ་འདེད་བཏང་སྟེ། ཕན་ཚུན་འབྲེལ་ཞིང་མཉམ་སྤྱོད་ཀྱི་དྲ་ཐོག་ཞབས་ཕྱིའི་ལས་སྟེགས་བསྐྲུན་དགོས། “ལག་ཁྱེར་ཉུང་འཕྲི་བྱས་ནས་དམངས་ལ་སྟབས་བདེ་བསྐྲུན་པའི”ཆེད་དམིགས་འགུལ་སྐྱོད་བྱས་ཏེ། ལག་ཁྱེར་དང་འགྲོ་ལུགས་སྣ་ཚོགས་སྒོ་ཀུན་ནས་གཙང་བཤེར་བྱ་དགོས། རིན་གོང་སྐོར་གྱི་སྒྲིག་སྲོལ་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར་དངོས་འབེབ་དང། གློག་སྐྱེལ་གློག་བཀོད་གཏོང་གི་རིན་གོང་བཅོས་སྒྱུར་དང་ཞིང་ལས་ཐད་བཀོལ་བའི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར། བགྲོད་ལམ་སྟེང་གི་རྡལ་གླ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ལེགས་པོ་བྱས་ཐོག སྲིད་གཞུང་གིས་གོང་གཏམ་པའི་གྲོན་དངུལ་བསྡུ་ལེན་རྣམ་གྲངས་ལ་སྒོ་ཀུན་ནས་དཀར་ཆག་གསལ་ཐོ་བཀོད་ནས་ཐོ་དམ་བྱ་དགོས།

ནོར་ཁྲལ་དང་དངུལ་ལོར་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏང་དགོས། ལས་འགན་གཙོ་བོ་བཞི་ལ་དམིགས་ནས་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང། ཡུན་འབྲིང་གི་ནོར་སྲིད་འཆར་གཞི་བཟོ་འགོད་དང་ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་གཅིག་བསྡུས། བུ་ལོན་བསྐྱིས་ནས་མ་དངུལ་རྒྱུན་འཁོར་གྱི་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ་སོགས་བྱ་བ་གཙོ་བོ་ལེགས་པར་འཛིན་དགོས། སྔོན་རྩིས་ངེས་རྩིས་ཁྲོམ་སྒྲོག་བྱས་ནས་ཉི་འོད་ལྟ་བུའི་ནོར་སྲིད་སྐྱོང་བ་དང་མ་དངུལ་སྤྱོད་ཚུལ་ལ་ལྟ་སྐུལ། མ་རྩ་བརྡིབས་ནས་རང་དགར་བསྐྱུར་བའི་མ་དངུལ་ཧུར་པོར་གཏང་དགོས། རྒྱལ་ཁབ་ཀྱི་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་རྗེས་དམ་པོར་བསྙེགས་ཏེ། ཚོང་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་སྒྱུར་ཁྲོད་འཕྲད་པའི་གནད་དོན་གསར་བར་ཞིབ་འཇུག་བྱས་ནས་བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏང་དགོས། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་སྒོ་འབྱེད་པའི་སྤྱི་ཡོངས་འཆར་ཟིན་དངོས་འབེབ་དང། སྒྱུར་སྤོ་གཏོང་སྤྲོད་དང་བགོ་བཤའ་རྒྱག་ཐབས་འཐུས་ཚང་དུ་བཏང་ཐོག ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོ་གཏོང་བའི་འགན་འཁྲི་ངེས་གསལ་བྱ་དགོས། ཀུན་ཕན་དངུལ་ལོར་དང་ལྗང་མདོག་དངུལ་ལོར་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང། “རྨང་གཉིས་མཉམ་འགུལ”གྱིས་མཉམ་ལས་བྱས་ནས་དངུལ་བུན་བསྐྱི་བ་དང། “དབང་ཆ་གཉིས”གཏའ་མར་བཞག་ནས་དངུལ་བུན་བསྐྱི་བར་སྐུལ་འདེད་གཏོང་བ་དང། “སྲིད་གཞུང་དང་དངུལ་ཁང། འགན་ལེན”དང“སྲིད་གཞུང་དང་དངུལ་ཁང། ཉེན་སེལ”མཉམ་ལས་རྐྱེན་སྲོལ་ཁྱབ་གདལ་དུ་གཏང་དགོས། ཞིང་སྡེའི་ཡིད་རྟོན་ཁང་གི་བཅོས་སྒྱུར་དང་རྫོང་ཁོངས་ཀྱི་སྡེ་བ་དང་གྲོང་རྡལ་དངུལ་ཁང་གཟུག་པར་སྐུལ་འདེད་བཏང་ཐོག མཚོ་སྔོན་དངུལ་ཁང་གིས་མ་དངུལ་ཇེ་མང་དུ་བཏང་ནས་མ་རྐང་རྒྱ་བསྐྱེད་པར་རོགས་སྐྱོར་བྱ་དགོས། ཁེ་ལས་ཆུང་འབྲིང་ལ་ཞབས་ཕྱི་སྒྲུབ་པའི་ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་གསོ་སྐྱོང་བྱ་དགོས། ཉེན་སེལ་མ་དངུལ་གྱིས་ཁེ་ལས་ཆུང་བ་དང་ཞིང་ལས་ལ་རོགས་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་དགོས།

རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་མོ་བྱ་དགོས། 《མ་དངུལ་གཏོང་མཁན་ཁེ་ལས་གཙོར་བཟུང་ནས་བཅོས་སྒྱུར་ཟབ་མོ་བྱ་བའི་ལག་བསྟར་བསམ་འཆར》དངོས་འབེབ་དང། དབང་བའི་ལམ་ལུགས་མཉམ་བསྲེས་ཅན་བཅོས་སྒྱུར་བྱེད་པ་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་འགག་གཏོར་ས་གཙོ་བོ་བྱས་ཏེ། ཐོན་དབང་སྲུང་སྐྱོང་ཐད་ཤུགས་བསྣན་ནས་ཁེ་ལས་པའི་སྙིང་སྟོབས་ཡར་སྐུལ་དང་སྲུང་སྐྱོང་བྱེད་པ་དང། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་གྱི་སྤུས་ཚད་དང་ལས་ཕྱོད་ཇེ་མཐོར་གཏོང་བ་དང། རྒྱལ་དབང་ཁེ་ལས་ཀྱི་སྤྱི་ཚོགས་འགན་ནུས་གང་མགྱོགས་ཀྱིས་ལེན་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་བཅད་ཐོག དེང་རབས་ཁེ་ལས་ལམ་ལུགས་དང་ཀུང་སིའི་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང། ལྟ་ཞིབ་ལྷན་ཚོགས་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང། ཚོང་ར་ཅན་དུ་བསྒྱུར་བར་ཚོང་གཉེར་པ་འདེམས་བསྐོའི་ལམ་ལུགས་འཚོལ་ཞིབ་བྱས་ཐོག ལས་བཟོ་བས་མ་རྐང་འཛིན་པ་དང་ཁེ་ལས་ཀྱི་ལས་འཛིན་ལྷན་ཚོགས་ཚད་ལྡན་དུ་འཛུགས་སྐྱོང་ཚོད་ལྟ་བྱ་བར་སྐུལ་འདེད་གཏང་དགོས། རྒྱུ་ནོར་དོ་དམ་གཙོ་བོ་ཡིན་པའི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང། ཞིང་ཆེན་དངུལ་གཏོང་སྡེ་ཚོགས་བཅོས་སྒྱུར་བསྐྱར་སྒྲིག་གི་ལས་འགན་ཡོངས་འགྲུབ་བྱས་ནས། རྒྱལ་དབང་རྒྱུ་ནོར་འཁོར་རྒྱུག་དང་བཀོད་སྒྲིག་ལས་ཕྱོད་ཇེ་མཐོར་གཏང་དགོས། རྒྱལ་ཁབ་ཀྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས། གློག་ཤུགས་སྒྲིག་སྲོལ་བཅོས་སྒྱུར་འཆར་ཟིན་དངོས་འབེབ་བཟང་པོ་བྱ་དགོས། ཟས་སུ་སྤྱོད་པའི་ཚྭ་གསོག་ཉར་དང་ལྟ་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་གནོད་མེད་བདེ་འཇགས་དང་བརྟན་འཇགས་ངང་མཁོ་སྤྲོད་ཐུབ་པ་ཁག་ཐེག་བྱ་དགོས།

ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱ་དགོས། སྲིད་འཛིན་གྱིས་ཇུས་ཐག་གཅོད་པ་དང་ཚན་རྩལ་འདྲི་རྟོག་ཟུང་དུ་སྦྲེལ་བའི་ཚན་རྩལ་གྱི་ཇུས་ཐག་གཅོད་པའི་རྐྱེན་སྲོལ་འཛུགས་པ་དང། གཙོ་གནད་ཞིབ་འཇུག་གསར་སྤེལ་དང་གཞན་སྒྱུར་འཆར་གཞི་དོ་དམ་བྱེད་ཐབས་དང་ཚན་རྩལ་ཆེན་པོའི་ཆེད་དོན་རྣམ་གྲངས་ལ་དོ་དམ་བྱེད་ཐབས་གཏན་འབེབ་བྱས་ཐོག ཚན་རྩལ་ལས་གཞི་འདེམ་གསེས་རྐྱེན་སྲོལ་དང་ཚན་ཞིབ་གྲོན་དངུལ་བེད་སྤྱོད་སྟངས་བཅོས་སྒྱུར་བྱ་དགོས། ཤེས་ཡོན་གྱི་རིན་ཐང་ཇེ་ཆེར་གཏང་རྒྱུ་ཁ་ཕྱོགས་བྱས་ནས་བགོ་བཤའ་རྒྱག་པའི་སྲིད་ལག་བསྟར་བྱས་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་པའི་ཁེ་ཕན་མཉམ་སྤྱོད་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་བ་དང། ཚན་ཞིབ་མི་སྣ་དང་དགེ་རྒན་རྣམས་ཀྱིས་ཁྲིམས་སྲོལ་ལྟར་ཞོར་ལས་འོས་འཚམ་གཉེར་ནས་ཞོར་ཕོགས་ལེན་རུང་བར་བྱ་དགོས། ཚན་རྩལ་གལ་ཆེན་གྱི་ཆེད་དོན་ལས་གཞི་དང་རྨང་གཞིའི་ཞིབ་འཇུག་དེ་ལས་སྟེགས་གསར་གཏོད་དང་གསར་གཏོད་འགག་གཏོར་ལས་གྲྭ་བརྒྱ་ཕྲག་དང་འབྲེལ་མཐུད་བྱེད་ཐད་ཤུགས་སྣོན་པ་དང། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཐད་མ་དངུལ་འཇོག་པའི་ཐེབས་རྩ་བཙུགས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་མ་དངུལ་འཇོག་པར་ཁྲིད་སྟོན་བྱ་དགོས། མཚོ་སྔོན་གྱི་རྒྱལ་ཁབ་ལག་རྩལ་མཐོ་གསར་ཁུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་སྐྲུན་བྱ་བ་མཐུན་སྦྱོར་དང། ཞིང་ཆེན་རིམ་པའི་ལག་རྩལ་མཐོ་གསར་ཁུལ་གྱི་གོང་སྤེལ་གནས་ཐིག་གཏན་ཁེལ་དང་འཛུགས་སྐྲུན་བླང་བྱ། ངོས་ལེན་ཆ་རྐྱེན་བཅས་ངེས་གསལ་བྱ་དགོས།

ཞིང་སྡེ་འབྲོག་ཁུལ་བཅོས་སྒྱུར་ཟབ་མོ་བྱ་དགོས། ལོ་གཅིག་སྔ་སྣུར་གྱིས་ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་ངོས་ལེན་དཔང་ཡིག་སྟེར་བའི་བྱ་བ་སྒོ་ཀུན་ནས་ཡོངས་འགྲུབ་བྱེད་པ་དང། རོང་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི“དབང་ཆ་གསུམ་དབྱེ་བགོ”བྱེད་ཐབས་འཐུས་ཚང་དུ་གཏང་དགོས་ཤིང། ས་ཞིང་གི་རིན་ཐང་སྤར་བའི་ཁེ་ཕན་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པའི་རྐྱེན་སྲོལ་གཟུག་དགོས། ཞིང་སྡེའི་ས་ཞིང་བསྡུ་ལེན་དང་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་སྐྲུན་ས་ཚོང་རར་འགྲེམ་པ། གཞིས་ས་འི་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བཅས་བྱ་བར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ཡིན་ཡང་སྤྱོད་ཡུལ་རྩིས་སྤྲོད་དོ་དམ་དང་རིགས་བཀར་ནས་དོ་དམ་བྱེད་པའི་རྩ་དོན་དང་འགལ་མི་རུང། རོང་འབྲོག་པ་མཉམ་ལས་ཁང་གི་ཚད་ལྡན་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་རྐྱེན་སྲོལ་འཛུགས་པ་དང། ཞིང་ལས་ལ་རོགས་སྐྱོར་གྱི་མ་དངུལ་རྒྱུ་རྐྱེན་ལ་བལྟས་ནས་བགོ་བཤའ་རྒྱག་ཐབས་གཏན་འབེབ་བྱས་ཐོག ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་འཆར་འགོད་དང་གཅིག་བསྡུ་བྱེད་པའི་ཕུགས་རྒྱང་རིང་བོར་ཕན་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱལ་དབང་ཞིང་ས་གསར་སྦོལ་བྱ་བའི་བཅོས་སྒྱུར་ཡོངས་འགྲུབ་བྱེད་པ་དང། མཁོ་འཚོང་མཉམ་ལས་ཁང་དང་རྒྱལ་དབང་ནགས་ར་བཅོས་སྒྱུར་གཏིང་ཟབ་མོ་བྱ་དགོས།

རྒན་གསོའི་ཉེན་སེལ་ལམ་ལུགས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏང་དགོས། འདྲ་མཉམ་རང་བཞིན་ཇེ་དྲག་དང་འཁོར་རྒྱུག་རང་བཞིན་དང་འཕྲོད་པ། རྒྱུན་མཐུད་རང་བཞིན་འགན་སྲུང་བཅས་བྱ་བར་རྐང་བཙུགས་ཏེ་རྒན་གསོའི་ཉེན་སེལ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་རྒན་གསོའི་ཉེན་སེལ་ལམ་ལུགས་བཅོས་སྒྱུར་འཆར་ཟིན་དངོས་འབེབ་དང་མི་སྒེར་གྱི་རྩིས་ཐོའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལས་བཟོ་བའི་རྨང་གཞིའི་རྒན་གསོའི་གྲོན་དངུལ་དེ་རྒྱལ་ཡོངས་དང་མཉམ་དུ་གཅིག་གྱུར་འཆར་འགོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ལམ་ལུགས་ཁེབས་པའི་རྒྱ་བསྐྱེད་ཅིང། རྒྱལ་དབང་རྒྱུ་ནོར་སྐོར་ཅིག་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ཁ་གསབ་ཏུ་བགོ་གཏོང་བྱ་དགོས། སྲིད་གཞུང་དང་ཁེ་ལས། མི་སྒེར་བཅས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང། སྐུལ་བསྟོད་ཚོད་འཛིན་རྐྱེན་སྲོལ་བཙུགས་ཐོག་འཐུས་ཚང་དུ་གཏང་དགོས་ཤིང། ཞིབ་རྩིས་དང་ཞབས་ཕྱིའི་ནུས་པ་འཛུགས་སྐྱོང་སོགས་རྨང་གཞིའི་རང་བཞིན་གྱི་བྱ་བའི་ཐད་ཤུགས་བསྣན་དགོས། རྒན་གསོའི་ཉེན་སེལ་ཐེབས་རྩའི་ལྷག་འབོར་མ་དངུལ་བཏང་ནས་འཁོར་སྐྱོད་ཚོང་གཉེར་བྱ་བར་ཤུགས་སྣོན་པ་དང། ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས། ཚོང་ལས་ཕྱོགས་ཀྱི་རྒན་གསོའི་ཉེན་སེལ་བྱ་བ་ཧུར་ཐག་གིས་གོང་དུ་སྤེལ་དགོས།

(བརྒྱད།)“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་སྤྱི་འདོམས་བྱས་ནས་སྒོ་འབྱེད་པའི་བར་སྟོང་རྒྱ་བསྐྱེད་དགོས།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་སྔར་ལས་ཧུར་ཐག་གིས་ཞུགས་དགོས། མཐོང་རྒྱ་བསྐྱེད་ཅིང་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱིས་སྐུལ་སྤེལ་བྱེད་བཞིན་པའི་ས་ཁོངས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། འགག་རྩར་ཐུག་པའི་ལྷུ་ཚིགས་བཅས་ཀྱི་རྗེས་དམ་པོར་བསྙེག་པ་དང། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱ་བར་ཧུར་ཐག་གིས་འབྲེལ་མཐུད་བྱ་དགོས་ཤིང། སྒོ་འབྱེད་པའི་ཞིང་ཆེན་ཆེན་པོའི་བར་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མཉམ་དུ་སྒོ་འབྱེད་པའི་རྐྱེན་སྲོལ་གསར་བ་ཆགས་སུ་འཇུག་པ་དང། ཤར་ཕྱོགས་སུ་མཇུག་སྣེ་སྒོ་འབྱེད་པ་ནས་ནུབ་ཕྱོགས་ལ་མདུན་གྲས་སྒོ་འབྱེད་པའི་ཕྱོགས་སུ་གང་མགྱོགས་ཀྱིས་བསྒྱུར་དགོས། བགྲོད་ལམ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་མཐའ་འཁོར་གྱི་ཞིང་ཆེན་དང་མཉམ་དུ་རྒྱལ་ཁབ་ཀྱིས་ལས་གྲྭ་ཆེན་པོ་བཀོད་སྒྲིག་བྱ་བར་བརྩོན་ལེན་བྱས་ཐོག ན་གོར་མོ་ནས་ཁོར་ལེ་བར་དང་ན་གོར་མོ་ནས་ཏུང་ཧོང་བར་གྱི་ལྕགས་ལམ་དང། ཞིན་ཅང་དང་མཚོ་སྔོན། སི་ཁྲོན་གསུམ་བར་གྱི་གཞུང་ལམ་ཆེན་པོ་སོགས་ལས་གཞི་གལ་ཆེན་ལེགས་པར་བསྐྲུན་པ་དང། ཟི་ལིང་ནས་ཞི་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་ཐོག ནུབ་ཕྱོགས་སུ་སྒོ་འབྱེད་པའི་དངོས་ཟོང་བསྡུ་འགྲེམ་བྱེད་ས་ཆེན་པོ་བསྐྲུན་པར་འཆར་ཇུས་འགོད་དགོས། ཕྱི་ཕྱོགས་ཉོ་ཚོང་ཐད་ནས་གསར་གཏོད་དང་གོང་དུ་འཕེལ་བར་སྐུལ་འདེད་དང། གཙོ་བོ་ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་དང་ཞིང་ཕྱུགས་ལས་ཐོན་རྫས། ནུས་ཁུངས་གསར་བ་སོགས་ཕྱིར་གཏོང་རྟེན་གཞི་གསུམ་བསྐྲུན་དགོས། འཕང་འབྲས་གཉེར་བའི་ཁེ་ལས་སོགས་ཀྱི་ཕྱིར་གཏོང་ཐོབ་ཐང་ངོས་ལེན་དང་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ས་གདན་དང་ལིན་སྐྱུར་ལྕགས་ལིས་སོགས་ཐོན་རྫས་ཕྱིར་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཕྱོགས་བསྡུས་དཔྱ་ཁྲལ་འགན་ལེན་ཁུལ་གང་མགྱོགས་ཀྱིས་འཛུགས་སྐྲུན་དང། རྒྱ་མཚོའི་འགྲམ་རྒྱུད་དང་མཐའ་མཚམས་ས་ཁུལ་གྱི་ཚོང་འགྲུལ་གྲུ་ཁ་གཞི་གཅིག་ཅན་དུ་མཉམ་ལས་བྱེད་ཐད་ཤུགས་བསྣན་དགོས་ཤིང། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ལས་གཞི་བསྐྲུན་པ་དང། ཟི་ལིང་གནམ་གྲུ་ཐང་གི་གྲུ་ཁའི་རྨང་གཞི་འཐུས་སྒོ་ཚང་བར་བསྐྲུན་ཞིང་ས་ཁོངས་ལས་བརྒལ་བའི་གློག་ཚོང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང། ཡོ་རོབ་གླིང་དབུས་མ་བར་གྱི་གནམ་གྲུ་འཕུར་ཐེངས་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱ་བར་འབད་དགོས། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ཁྲོད་ཧུར་ཐག་གིས་ཞུགས་པ་དང། མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག རིག་གནས་གནས་སྐོར་དུས་ཆེན། རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་ཚོགས་སོགས་བྱ་འགུལ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཉིས་ནུས་ཡོད་ཀྱིས་འབྲེལ་མཐུད་བྱས་ནས་རིམ་པ་སྤར་བ་དང་ཤུགས་རྐྱེན་རྒྱ་ཆེར་བཟོ་དགོས། ཚོང་འགུག་དངུལ་འདྲེན་གྱི་ཁྱད་སྟོབས་གསར་བ་བསྐྲུན་ཏེ་ཐོན་ཁུངས་བཀོད་སྒྲིག་དང་རྒྱུ་རྐྱེན་གཙོ་བོའི་རིན་གོང། ལས་གཞིར་ཞབས་ཕྱི་སོགས་གཞི་གཅིག་ཏུ་སྦྲེལ་བའི་ཚོང་འགུག་མཛུབ་སྟོན་བསམ་འཆར་ཕྱིར་བཏོན་ནས་ཚོང་འགུག་ལས་གཞི་གསར་བ་སྐོར་ཅིག་དངོས་འབེབ་བྱ་བར་སྐུལ་འདེད་གཏང་དགོས།

མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་གྱི་རིམ་པ་འཕར་ཞིང་ཤུགས་ཆེར་འགྲོ་བར་སྐུལ་འདེད་གཏང་དགོས། རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་ཀའི་ས་ཁུལ་དང་སྡེ་ཁག སྡེ་ཚན་བར་དུ་ཆ་བསྒྲིགས་ནས་རོགས་སྐྱོར་གྱི་འབྲེལ་བ་ཟབ་ཅིང་ཞིབ་བར་བསྒྱུར་བ་དང། ཚད་ཡོད་དེ་ཚད་མེད་དང་སྣེ་གཅིག་དེ་སྣེ་མང་ཅན་དུ་བསྒྱུར་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྡེ་ཚན་དང་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”དུ་སྐྱོད་པ་དང། མཉམ་ལས་ཀྱི་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏང་དགོས། མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་དང་ཤར་ནུབ་བར་དབུལ་སྐྱོར་མཉམ་ལས་བྱ་བར་གཅིག་གྱུར་འཆར་འགོད་དང། ཀྲུང་དབྱང་གི་ཤར་ནུབ་བར་དབུལ་སྐྱོར་མཉམ་ལས་བྱ་བར་སྔར་ལས་ལྷག་པར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དངོས་འབེབ་བྱེད་པ་དང། རང་ཞིང་གི་ལག་བསྟར་བསམ་འཆར་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་གཏན་ལ་འབེབ་དགོས། གཏན་ཁེལ་བྱས་ཟིན་པའི་ལས་གཞི་དང་ལས་འགན་དངོས་འབེབ་བྱ་བ་ལེགས་འཛིན་དང། ォཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་ལ་འགྲོ་བ་སོགས་འབྲེལ་ཡོད་དོན་དག་དངོས་འབེབ་བྱེད་པའི་ལས་བགོས་བསམ་འཆརサདམ་འཛིན་གྱིས་དངོས་འབེབ་བྱས་ནས་རྟོག་ཞིབ་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། མཚོ་སྔོན་ལ་རིགས་མཐུན་རོགས་སྐྱོར་བྱེད་པའི“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ལག་བསྟར་བཟང་པོ་བྱ་དགོས། གྲོང་ཁྱེར་བར་གྱི་མཉམ་ལས་ཐད་ཤུགས་སྣོན་པ་དང། ཝུའུ་ཧན་དང་ཁྲེང་ཏུའུ། ནན་ཅིང། ཝུའུ་ཞི་སོགས་གྲོང་ཁྱེར་དང་མཉམ་ལས་ཀྱི་རིམ་པ་ནུས་ཡོད་སྒོས་ཇེ་མཐོར་གཏོང་བ་དང། ཐོན་ལས་གོང་སྤེལ་དང་གྲོང་ཁྱེར་དོ་དམ་སོགས་ཁྱབ་ཁོངས་སུ་འབྲེལ་མཐུད་མཉམ་ལས་ཀྱི་རྒྱ་བསྐྱེད་དེ། མཉམ་འདྲེས་དང་ཕན་ཚུན་ཁ་གསབ་བཞིན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

(དགུ།)དམངས་ཚིས་འགན་སྲུང་དྲ་བ་སྔར་ལས་ལྷག་པར་ཞིབ་ཅིང་དམ་པར་བསྐྲུན་དགོས།

དབུལ་སྒྲོལ་འགག་གཏོར་བྱ་བར་གཏིང་ཟབ་ཏུ་སྐུལ་འདེད་གཏང་དགོས། “རེས་སྐོར་བརྒྱད”དང་ལས་རིགས་བཅུ་ལ་དབུལ་སྐྱོར་གྱི་འཆར་ཟིན་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང། གཙོ་བོ་བདེ་སྡོད་དབུལ་སྒྲོལ་དང་སློབ་གསོ་གསོ་སྦྱོང་སོགས་ལས་གྲྭ་ཆེན་པོ་བཅུ་ལེགས་འཛིན་བྱས་ཐོག དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར100དངོས་འབེབ་བྱས་ནས་དབུལ་ཕོངས་རྫོང11གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང། དབུལ་ཕོངས་སྡེ་བ500དབུལ་ཕོངས་གྲལ་ནས་འབུད་པ། དབུལ་བོ་མི་གྲངས་ཁྲི་ཚོ14དབུལ་ཕོངས་ལས་སྒྲོལ་བར་བརྩོན་ལེན་བྱ་དགོས། དབུལ་བོའི་ཚོགས་སྤྱི་གཙོ་བོར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་མི་ཁྲི་ཚོ24ལ་ཁྱིམ་ཚང་གི་ཐོན་ལས་དབུལ་སྐྱོར་དང་རྫོང13གྱི་དབུལ་སྐྱོར་ཐོན་ལས་གླིང། སྡེ་བ50ཡི་གནས་སྐོར་དབུལ་སྐྱོར་སོགས་ལས་གཞི་ལེགས་པར་བསྐྲུན་དགོས། དབུལ་ཕོངས་མི་གྲངས་ལ་སློབ་གསོ་ཐོབ་པའི་ལོ་ཚད་ཇེ་མང་དང་ངལ་རྩོལ་པའི་ནུས་རྩལ་ཇེ་མཐོར་གཏང་རྒྱུ་གཙོ་གནད་བྱས་ཏེ། རིམ་པ་སོ་སོའི་སློབ་གསོ་རིགས་སྣ་ཚོགས་ཁྱབ་གདལ་གྱི་ཚད་ཇེ་ཆེར་གཏོང་བ་དང་ལས་རིགས་སློབ་གསོ་དང་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་ཐད་ཤུགས་བསྣན་དགོས། དབུལ་སྒྲོལ་འགག་གཏོར་གྱི་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་ཡོངས་སུ་བསྐྲུན་ཏེ་དབུལ་སྐྱོར་བྱ་ཡུལ་ལ་འགུལ་རྣམ་གྱིས་དོ་དམ་བྱ་དགོས། དབུལ་སྒྲོལ་འགག་གཏོར་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་སྲོལ་ཞིབ་ཕྲ་ཕྱིར་འདོན་པ་དང། ལྟ་སྐུལ་བསྐོར་ཞིབ་དང་བཟང་པོར་བྱ་དགའ་སྟེར་བ་དང་ངན་པར་ཆད་པ་གཅོད་པའི་ལམ་ལུགས་གཟབ་ནན་སྒོས་ལག་ཏུ་བསྟར་དགོས།

དམངས་ཀྱི་འཚོ་བར་དོན་དངོས་སྒྲུབ་པའི་ལས་གྲྭ་མུ་མཐུད་དུ་ལེགས་པར་བསྐྲུན་དགོས། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་གསལ་ཐོ་དངོས་འབེབ་བྱས་ནས། མ་དངུལ་སྔར་ལས་མང་པོ་དབུལ་ཕོངས་དང་རྒྱང་རིང་མཐའ་འཁོབ་ས་ཁུལ་གྱི་སྤྱི་པའི་ཞབས་ཕྱིའི་ཁྱབ་ཁོངས་སུ་བཏང་ནས་ཚད་ཡོད་པའི་ཐོན་ཁུངས་ཀྱིས་ཕན་ནུས་ཆེས་ཆེན་པོ་འདོན་དུ་འཇུག་དགོས། ལོ་བཅོ་ལྔར་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དང། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་གྱིས“གཉིས་རྩ་ཆག་དང་གཅིག་ཁ་གསབ་པའི”སྲིད་ཇུས་དངོས་འབེབ་བྱེད་ཅིང། སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་སྒོར50ཇེ་མཐོར་བཏང་ཐོག གཞུང་གཉེར་བྱིས་སྐྱོང་ཁང75གསར་སྐྲུན་དང་སྒྱུར་སྐྲུན་རྒྱས་སྐྲུན་བྱ་དགོས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཅིག་གྱུར་འཆར་འགོད་བཟང་པོ་བྱེད་པ་དང། ཉམས་ཞན་པའི་སློབ་གྲྭ་སྒྱུར་བཀོད་དང་སྤུས་ལེགས་པའི་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་བསྐྱེད་པ་སོགས་བྱེད་ཐབས་སྤྱད་པ་བརྒྱུད་དེ། ཐོན་ཁུངས་དོ་མཉམ་པར་བཀོད་སྒྲིག་བྱས་ཏེ་ཐག་ཉེ་སའི་སློབ་གྲྭར་འགྲོ་བར་སྟབས་བདེ་བསྐྲུན་དགོས། ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པ་བརྟན་སྲུང་དང་ཇེ་མཐོར་གཏང་དགོས། ཞིང་ཆེན་ཡོངས་ཀྱི་བདེ་ཐང་གྲོས་ཚོགས་ཀྱི་བཀོད་སྒྲིག་དངོས་འབེབ་བྱས་ནས“བདེ་ཐང་མཚོ་སྔོན2030”ཞེས་པའི་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་བར་སྐུལ་འདེད་གཏོང་བ་དང། གཞི་རྩའི་སྨན་བཅོས་ཞབས་ཕྱིའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་ལས་གྲྭ་མགྱོགས་མྱུར་གྱིས་བསྐྲུན་པ་དང། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་པའི་སྐབས་ཐོག་ཏུ་སྨན་ཡོན་རྩིས་སྤྲོད་ཐུབ་པ་མངོན་འགྱུར་བྱ་དགོས། རིག་གནས་ཐོན་ལས་ཡར་སྐུལ་ཚོགས་ཆེན་བསྡུ་བ་དང། པར་སྐྲུན་སྡེ་ཚོགས་དང་རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱད་སྡེ་ཚོགས། གློག་བརྙན་སྡེ་ཚོགས་བཅས་སྒྲིག་འཛུགས་བྱ་དགོས་ཤིང་གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན་ལས་གཞི700ལག་ཏུ་བསྟར་དགོས། འགན་སྲུང་སྡོད་ཁང་དོ་དམ་དང་འཁོར་སྐྱོད་བདག་གཉེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། སྤྱིལ་བུའི་སྡོད་ཁང་གནས་ཡུལ་གྱི་ཁང་པ་ཁྲི་ཚོ5.6སྒྱུར་བཀོད་དང་རོང་འབྲོག་པ་ཁྱིམ་ཚང་ཁྲི་ཚོ6གི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་འཛུགས་སྐྲུན་ལས་གཞི་བསྐྲུན་ཐོག སྒྲིག་བཀོད་ཆ་ཚང་བར་བསྐྲུན་ནས་གནས་སྡོད་ཀྱི་ཚད་ཇེ་མང་དུ་བཏང་ནས་སྟོང་བར་བསྐྱུར་བ་སྔོན་འགོག་བྱ་དགོས། ཞིང་སྡེའི་གཞུང་ལམ་སྤྱི་ལེ6000སྒྱུར་སྐྲུན་རྒྱས་སྐྲུན་དང་དམངས་ལ་སྟབས་བདེ་བཟོ་བའི་ཟམ་པ200བསྐྲུན་པ་དང། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ་གྱི་གྲོན་དངུལ་བསྡུ་མཚམས་འཇོག་དགོས། ལོ་ན་བགྲེས་པོར་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་མི་རེར་ཟླ་རེར་སྒོར20ཇེ་མང་དུ་གཏོང་བ་དང་སྡེ་གླིང་གི་རྒན་པར་ཉིན་མོར་བདག་སྐྱོང་ལྟེ་གནས30གསར་དུ་བསྐྲུན་དགོས། “ཨང་ཀིའི་དམངས་ཚིས”ལས་གྲྭ་གཙོ་བོ་བསྐྲུན་པ་དང་རྒྱང་བསྟེན་སྨན་བཅོས་དང་རྒྱང་ཁྲིད་སློབ་གསོ་གོང་དུ་སྤེལ་ནས། འཕྲིན་སྦྲེལ་དྲ་བའི་ཐབས་ཤེས་ལ་བརྟེན་ནས་དམངས་ཚིས་ཁྱབ་ཁོངས་སུ་ཞབས་ཕྱི་སྒྲུབ་སླ་བའི་རང་བཞིན་ཇེ་དྲག་ཏུ་གཏང་དགོས། ཞང་རྡལ་སྲིད་གཞུང་གི“བརྒྱད་ལྡན་ལས་གྲྭ”བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། བདེ་འཇགས་ཐོན་སྐྱེད་ལེགས་འཛིན་དང་ཟས་རིགས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་བསྣན་ནས། སྐྱོན་ཆ་འགོག་བཅོས་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

ལས་ཞུགས་ཀྱི་མཐིལ་སྐྱོར་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱ་དགོས། ལས་ཞུགས་རོགས་སྐྱོར་ཆེད་དམིགས་འགུལ་སྐྱོད་སྤེལ་ནས་སྤྱི་པའི་ལས་རིགས་ལག་རྩལ་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང། ལས་ཁུངས་དང་དོན་ལས་སྡེ་ཚན་དུ་མི5000རྒྱུགས་བླངས་ནས་བསྡུ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲི་ཚོ8ལ་ལག་རྩལ་གསོ་སྦྱོང་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད85%ཡན་དུ་སྲུང་འཛིན་བྱ་དགོས། གནད་ལ་ཁེལ་བའི་སྒོ་ནས་དབུལ་སྐྱོར་བྱས་ཏེ་མི་གཅིག་ཀྱང་ལས་ཀར་ཞུགས་མེད་པའི་ཁྱིམ་ཚང་མེད་པར་གཏང་དགོས། ཐོན་སྐྱེད་ནུས་པ་ལྷག་མ་དོར་བའི་རྐྱེན་ལས་བྱུང་བའི་ལས་བཟོ་བ་བགོ་འགྲེམ་བཀོད་སྒྲིག་གི་ཐབས་ལམ་རྒྱ་བསྐྱེད་དེ། ལས་རྐང་བརྗེས་ནས་ཡང་བསྐྱར་ལས་ཀར་ཞུགས་པར་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ལས་ཤོར་ཉེན་སེལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་རྐང་བརྟན་སྲུང་བྱེད་ནུས་འདོན་སྤེལ་བྱ་དགོས། དམག་དཔུང་གི་ལས་བསྒྱུར་དམག་མི་དང་དམག་ཁོངས་ནས་བུད་པའི་དམག་མི་བསྡུ་ལེན་དང་བཀོད་སྒྲིག་བྱ་བ་ལེགས་པར་བསྒྲུབ་དགོས། རོང་འབྲོག་པ་ཡུལ་གཞན་དུ་སྐྱེལ་ནས་ལས་ཞུགས་ཀྱི་རིམ་པ་ཇེ་མཐོར་གཏོང་བ་དང་འཐེན་ཐུག་དཔལ་འབྱོར་སོགས་ཁྱད་ཆོས་ལྡན་པའི་ངལ་ལས་མིང་རྟགས་གྲགས་ཅན་གོང་འཕེལ་དུ་བཏང་ཐོག ངལ་རྩོལ་པ་ཕྱིར་སྐྱེལ་པ་དང་ནང་དུ་བསྡུ་བ་ཕན་ཡོད་ཀྱིས་འབྲེལ་མཐུད་བྱེད་ཐད་ཤུགས་བསྣན་ནས་ཡུལ་གཞན་དུ་སྐྱེལ་བའི་གྲངས་ཚད་དང་སྤུས་ཚད་ཇེ་མཐོར་གཏང་དགོས།

ཚོང་རའི་རིན་གོང་བརྟན་འཇགས་སུ་བསྟུད་མར་ཚོད་འཛིན་བྱ་དགོས། “ཚོད་སླེའི”ལས་གྲྭ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང། ཉི་འོད་ནུས་པའི་དྲོད་སྤྱིལ་ཁང་གཤར་ཁྲི་ཚོ2000དང་གཟན་གསོའི་ཕྱུགས་སྤྱིལ་ཁང་གཤར5000གསར་དུ་བསྐྲུན་དགོས་ཤིང། གསོ་སྤེལ་ར་བ་ཚད་ལྡན་ཅན100བསྐྲུན་པར་རོགས་སྐྱོར་བྱས་ནས་རང་གིས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་ཚད་ཇེ་མང་དུ་གཏང་དགོས། གཞི་ཁྱོན་དང་ཁེབས་རྒྱ་ཆེ་ཞིང་སྤྱི་ཕན་རང་བཞིན་ལྡན་པའི་སྔོ་ཚོད་སྡེབ་འཚོང་ཁྲོམ་ར་བསྐྲུན་པ་དང། སྔོ་ཚོད་སྡེབ་འཚོང་ཁྲོམ་ར་ཆུང་འབྲིང་གི་ཁྱབ་སྟངས་ལེགས་སྒྱུར་བྱ་དགོས། ཚོང་རའི་རིན་གོང་ལ་ཞིབ་བཤེར་དང་རིན་གོང་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཁྲིམས་ལག་བསྟར་བྱེད་ཐད་ཤུགས་བསྣན་ནས། འཁོར་རྒྱུག་ལྷུ་ཚིགས་ཀྱི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་གཏང་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ཚད་གཞི་དང་དངོས་གོང་འཕར་བར་འབྲེལ་མཐུད་མཉམ་འགུལ་གྱི་རྐྱེན་སྲོལ་དངོས་འབེབ་བྱ་དགོས།

འཐུས་མི་རྣམ་པ། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་གི་དམིགས་འབེན་ཡོངས་འགྲུབ་བྱ་བར་དོན་སྙིང་གལ་ཆེན་ལྡན་པ་དང་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བས། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ་ང་ཚོས“ཏན་ཏན་ཏིག་ཏིག་བཞི”ཞེས་པའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ཞིང། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་དང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་བཅུ་གསུམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དངོས་འབེབ་བྱས་ནས་ཡིད་ཆེས་བརྟན་བཅངས་དང་དཀའ་ངལ་གདོང་གིས་བསུ་བ། ཇུས་ཤུགས་མཉམ་འདོན། ཏན་ཏིག་གིས་བྱ་བ་སྒྲུབ་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་དང་ཡང་དག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་དགོས།། །།