རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་སྤེལ〔2017〕ཡིག་ཨང15པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་སྦྱོར།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཉེ་བའི་ལོ་འགའི་རིང་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་ཆུ་ཚད་བརྟན་འཇགས་ངང་ཇེ་མཐོར་བཏང་ཡོད། དུས་མཉམ་དུ་འགན་ལེན་སྲིད་ཇུས་ཁ་ཤས་འབྲེལ་མཐུད་བྱེད་མི་འདང་བ་དང་། འགན་ལེན་ཆུ་ཚད་དེ་མང་ཚོགས་ཀྱི་དགོས་མཁོ་དང་བསྡུར་ན་ཧེ་བག་ངེས་ཅན་ཞིག་ལྡན་པ་སོགས་གནད་དོན་ཡང་གནས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད་དེ།  ད་ལྟ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་གྱི་གལ་ཆེན་རང་བཞིན་གྱི་ངོས་འཛིན་སྔར་ལས་ལྷག་པའི་སྒོ་ནས་ཇེ་མཐོར་གཏོང་དགོས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་ད་ལྟའི་བར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་གཙིགས་འཛིན་བྱས་ཏེ། ཉེ་བའི་ལོ་འགའི་རིང་ལ་སྔ་རྗེས་སུォསྤྱི་ཚོགས་སྐྱོབ་རོགས་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབསサདང་དེ་མིན་གནས་སྐབས་སྐྱོབ་རོགས་དང་ཞིང་སྡེའི་ཁྱིམ་སྲུང་བྱིས་པར་ཐུགས་ཁུར་སྲུང་སྐྱོབ། དཀའ་གནས་སུ་གྱར་བའི་བྱིས་པར་འགན་ལེན། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྐྱོབ་རོགས་བསྙེན་བཀུར་བཅས་བྱེད་པ་སོགས་སྲིད་ཇུས་དང་བྱ་ཐབས་དངོས་སུ་བཏོན་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་གསབ་དངུལ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་གསབ་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། རིགས་སོ་སོའི་རང་བྱུང་གནོད་སྐྱོན་ཚབས་ཆེན་ལ་ལས་ཆོད་མཐོ་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཁ་གཏད་བཅལ་ཏེ། དཀའ་ངལ་སྣ་ཚོགས་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ལྡན་གྱིས་འགན་ལེན་བྱས། དཀའ་ངལ་་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ལེགས་པོར་སྒྲུབ་རྒྱུ་ནི། སྤྱི་ཚོགས་དྲང་སྙོམས་སྲུང་སྐྱོང་དང་ཀུན་སྤྱོད་མཐའ་ཚད་ལས་བརྒལ་བ་སྔོན་འགོག་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། དམངས་འཚོའི་ཞན་ཆ་གསབ་བ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ནང་གནས་དགོས་མཁོའང་ཡིན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་ནོར་སྲིད་ཡོང་སྒོ་འཕེལ་ཚད་དལ་དུ་སོང་ནའང་། དཀའ་ངལ་ཡོད་པའི་མང་ཚོགས་གྱི་འགན་ལེན་ཆུ་ཚད་ཇེ་དམར་གཏོང་མི་རུང་བ་དང་། འགན་ལེན་བྱེད་ནུས་ཇེ་ཆུང་དང་ལས་དོན་ལྷོད་གཡེང་དུ་གཏོང་མི་རུང་། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ཚོགས་སྲིད་ཇུས་ཐོག་ནས་ཞབས་སྐྱོར་བྱེད་དགོས་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དང་། ཚད་མཐའ་དམ་སྲུང་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། གླེང་ཕྱོགས་ཁྲིད་སྟོན་བཅས་བྱེད་པའི་དམངས་འཚོའི་ལས་དོན་རིག་ལམ་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་ཏེ། དམངས་འཚོའི་ཞབས་སྐྱོར་གྱི་འགན་སྲུང་བདེ་འཇགས་དྲ་བ་ཚགས་ཇེ་དམ་དུ་གཏོང་དགོས།

གཉིས། གཙོ་གནད་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་འགན་ལེན་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་དགོས།

ས་གནས་སོ་སོས་གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རང་བྱུང་གནོད་སྐྱོན་བྱུང་སྐབས་འཚོ་བའི་སྐྱོབ་རོགས་སྲིད་ཇུས་ལེགས་སྒྲིག་འཐུས་ཚང་དུ་བཏང་ནས། རང་བྱུང་གནོད་སྐྱོན་གྱི་མཁོ་བསྟུན་སྐྱོབ་རོགས་བྱ་བ་ལེགས་པོར་སྒྲུབ་དགོས། གནོད་ཐེབས་ས་ཁུལ་དུ་ལོག་པའི་དམངས་སྤྱོད་ཁང་བ་མགྱོགས་མྱུར་གྱིས་སླར་གསོ་བསྐྱར་སྐྲུན་བྱས་ནས། 2016ལོར་ཆུ་ལོག་གནོད་སྐྱོན་ཆེན་པོ་ཐེབས་པས་སྔར་བཞིན་གནས་སྐབས་བཀོད་སྒྲིག་བྱས་པའི་སྡོད་གནས་སུ་བསྡད་ཡོད་པའི་གནོད་ཐེབས་མང་ཚོགས་རྣམས་ལ། 2017ལོར་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས། གནས་སྐབས་སྐྱོབ་རོགས་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་དངོས་འབེབས་བྱས་ཐོག སྡེ་ཁག་གིས་མཉམ་དུ་སྒྲུབ་པ་དང་མགྱོགས་མྱུར་གྱིས་ཐག་གཅོད་པའི་རྐྱེན་སྲོལ་གསར་འཛུགས་བྱེད་པར་མ་ཟད་འཐུས་ཚང་དུ་གཏོང་བ་དང་། གནས་ཚུལ་ཛ་དྲག་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཏེ། མང་ཚོགས་འཕྲད་པའི་ཐོལ་བྱུང་རང་བཞིན་དང་། དགོས་གཏུག་ཆེ་བའི་རང་བཞིན། གནས་སྐབས་རང་བཞིན་གྱི་གཞི་རྩའི་འཚོ་བའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བཟང་པོ་བྱེད་དགོས། གྲོང་གསེབ་ཀྱི་དབུལ་ཕོངས་མི་སྣར་ནད་ཆེན་ཆེད་དོན་སྐྱོབ་རོགས་བྱེད་པའི་ལས་སྒོ་སྤེལ་དགོས། རང་མགོ་ཐོན་ནུས་ཡོངས་སུ་ཉམས་པ་དང་རང་མགོ་ཐོན་ནུས་ཆ་འགའ་རེར་ཉམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་བསྡུས་ཀྱིས་བསྙེན་བཀུར་བྱེད་པའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྐྱོབ་རོགས་བསྙེན་བཀུར་བྱེད་པའི་འབྲེལ་ཡོད་གཏན་ཕབ་དང་མཐུན་པའི་དབང་པོ་སྐྱོན་ཅན་དེ་སྐྱོབ་རོགས་བསྙེན་བཀུར་བྱེད་པའི་ཁྱབ་ཁོངས་སུ་འགོད་དགོས།  གྲོང་གསེབ་ཀྱི་ཁྱིམ་སྲུང་བྱིས་པ་དང་དཀའ་གནས་སུ་གྱར་བའི་བྱིས་པའི་འགན་ལེན་ལས་དོན་གཅིག་གྱུར་གྱིས་སྐུལ་སྤེལ་བཏང་སྟེ། དྭ་ཕྲུག་དང་དབུལ་ཕོངས་བྱིས་པ་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིའི་འགན་ལེན་ཆ་རྐྱེན་ལེགས་སུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་གསབ་དངུལ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་གསབ་དངུལ་གྱི་ཚད་གཞི་ལུགས་མཐུན་གྱིས་མཐོ་རུ་འདེགས་པར་སྐུལ་བསྟོད་གཏོང་དགོས།

གསུམ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་མ་དངུལ་འཇོག་ཚད་སྔར་ལས་ལྷག་པའི་སྒོ་ནསཇེ་ཆེར་གཏོང་དགོས།

རིམ་པ་སོ་སོའི་ནོར་སྲིད་ཀྱིས་སྤྱིར་བཏང་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་ཁྲོད་དུ། དཀའ་ངལ་་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་དེ་དམིགས་བསལ་གྱི་གོ་གནས་སུ་བཞག་ནས། སྲིད་གཞུང་གིས་མ་དངུལ་འཇོག་ཚད་འཕར་སྣོན་བྱེད་པ་ལས་ཉུང་དུ་འཕྲི་མི་ཆོག་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་སྤྲད་པའི་སྐྱོབ་རོགས་གསབ་དངུལ་དམིགས་སར་འབྱོར་བ་དམ་འཛིན་བྱེད་དགོས། ནོར་སྲིད་འགྲོ་སོང་གི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་དང་། ཚན་རིག་ལུགས་མཐུན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་མ་དངུལ་གྱི་སྔོན་རྩིས་འཆར་གཞི་འགོད་པ། ནུས་ལྡན་གྱི་མ་དངུལ་མཁོ་སྤྲོད་ཚད་འཕར་སྣོན་བྱས་ཏེ། མ་དངུལ་བེད་སྤྱོད་པའི་ཕན་འབྲས་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་སྐྱོབ་རོགས་དང་འགན་ལེན་ཚད་གཞི་དེ་དངོས་གོང་འཕར་བར་འབྲེལ་མཐུད་བྱེད་པའི་མཉམ་འགུལ་རྐྱེན་སྲོལ་དངོས་འབེབས་བྱས་ཏེ། དངོས་གོང་འཕར་ཆག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་བཟོ་བར་སྔོན་འགོག་བྱེད་དགོས། མ་དངུལ་བེད་སྤྱོད་དོ་དམ་གྱི་གྲུབ་འབྲས་དང་ཕན་ནུས་དཔྱད་འཇོག་བྱེད་པར་ཤུགས་སྣོན་པ་དང་། མ་དངུལ་བེད་སྤྱོད་དོ་དམ་གྱི་གནས་ཚུལ་ཡོངས་བསྒྲགས་གསལ་བསྒྲགས་བྱེད་པར་སྐུལ་སྤེལ་གཏོང་བ། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་རྐྱེན་སྲོལ་གསར་འཛུགས་བྱེད་པར་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་སྐྱོབ་རོགས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བསྡུར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱོབ་རོགས་བྱ་ཡུལ་ལ་གནད་ཁེལ་གྱིས་དབྱེ་འབྱེད་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཏེ། མ་དངུལ་བེད་སྤྱོད་ཀྱི་གནད་ཁེལ་རང་བཞིན་དང་ནུས་ལྡན་རང་བཞིན་མཐོར་འདེགས་གཏོང་དགོས།

བཞི། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་རྩ་འཛུགས་དང་མགོ་ཁྲིད་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་དགོས།

འབྲེལ་ཡོད་སྡེ་ཁག་གིས་མཉམ་ལས་དམ་པོ་བྱེད་དགོས་པ་དང་། སྲིད་ཇུས་དང་བྱ་ཐབས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གཏོང་བ། ལམ་ལུགས་འབྲེལ་མཐུད་དང་ལས་དོན་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་མཉམ་དུ་ལེགས་པོར་སྒྲུབ་དགོས། རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྐྱོབ་རོགས་སྡེ་ཁག་བར་གྱི་མཉམ་འབྲེལ་ཚོགས་འདུ་སོགས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བཟང་པོ་བྱས་ཐོག ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་སྡེ་ཁག་བར་གྱིས་མཉམ་དུ་སྒྲུབ་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་དམིགས་སུ་བཀར་ནས་བཀོད་སྒྲིག་བྱེད་དགོས་པ་དང་། མགོ་ཁྲིད་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་དགོས། རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)སོ་སོས་སྲིད་གཞུང་གི་འགན་ཁུར་པས་སྣེ་འཁྲིད་པ་དང་དམངས་སྲིད་སྡེ་ཁག་གིས་འགན་ཁུར་བ། འཕེལ་རྒྱས་བཅོས་སྒྱུར་དང་སློབ་གསོ། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ། དབུལ་སྐྱོར། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་སྡེ་ཚན་ཞུགས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་གྱི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་ཤིང་འཐུས་ཚང་དུ་གཏོང་དགོས་པ་དང་། རང་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་གནད་དོན་སྣ་ཚོགས་ལ་དུས་བཅད་ལྟར་ཞིབ་འཇུག་བྱས་ནས་ཐག་བཅད་དེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་གཞི་རིམ་དུ་སྔར་ལས་ལེགས་པའི་སྒོ་ནས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོས“སྡེ་ཁག་གཅིག་གིས་བདག་སྤྲོད་དང་གཞོགས་འདེགས་མཉམ་སྒྲུབ་བྱེད་པའི”རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་ཞུ་གནས་ཡོད་པ་དང་། སྐྱོབ་རོགས་དུས་ཐོག་ཏུ་ཐོབ་པར་ཁག་ཐེག་བྱེད་དགོས། སྲིད་གཞུང་གིས་སྤྱི་ཚོགས་སྐྱོབ་རོགས་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་རྣམ་པ་ཁྱབ་སྤེལ་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་སྐྱོབ་རོགས་ལས་དོན་གཉེར་སྐྱོང་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས།

ཉེ་དུས་ས་གནས་སོ་སོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་སྐྱོབ་རོགས་བྱེད་པའི་ལས་དོན་སྔར་ལས་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས་པ་དང་། དངོས་གནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་བློ་སེམས་དྲོ་སྐྱིད་ཡོང་བར་བྱེད་དགོས། ལོ་སར་དུས་སྐབས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་རྩ་འཛུགས་ཞིབ་མོ་བྱས་པ་དང་རྒྱ་ཆེར་སྤེལ་ནས། མ་མཐའི་འགན་སྲུང་གི་ཁྱིམ་ཚང་དང་། ཡིག་ཚགས་བཙུགས་པ་དང་ཐོ་བཀོད་པའི་དབུལ་ཕོངས་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་ཕོངས་དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བཀོད་སྒྲིག་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དོན་དངོས་གནད་དོན་དངོས་གནས་ཐག་གཅོད་བྱེད་དགོས། གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། གནོད་སྐྱོན་སེལ་བའི་སྐྱོབ་རོགས་མ་དངུལ་དང་དངོས་རྫས་སྤྲོད་པར་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ཕན་བདེ་ཁང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ལས་ཁུངས། སྐྱོབ་རོགས་དོ་དམ་ལས་ཁུངས་སོགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། མེ་སྐྱོན་སོགས་མངོན་མེད་རྐྱེན་ངན་དངོས་གནས་བསལ་ནས། ཞབས་ཕྱི་འགན་ལེན་ཆུ་ཚད་ཇེ་མཐོར་གཏོང་དགོས། ལོ་སར་དུས་སྐབས་སུ་ཕྱིར་སོང་ནས་ཞོར་ལས་གཉེར་བའི་མི་སྣ་གཅིག་བསྡུས་ཀྱིས་ཕ་ཡུལ་དུ་ལོག་པའི་གོ་སྐབས་བཟུང་ནས། ཕྱིར་སོང་ནས་ཞོར་ལས་གཉེར་བའི་ཕ་མས་ཁྱིམ་སྲུང་བྱིས་པ་དང་དཀའ་གནས་སུ་གྱར་བའི་བྱིས་པར་ལྟ་སྲུང་བྱེད་པའི་འགན་འཁྲི་དང་གསོ་སྐྱོང་བྱེད་པའི་འོས་འགན་དངོས་གནས་འཁུར་བར་ཁྲིད་སྟོན་བྱེད་དགོས།  འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བར་སྐྱོབ་རོགས་བྱེད་པར་ཤུགས་སྣོན་པ་དང་། ཐང་སྟོང་ཉལ་སྡོད་མི་སྣ་གཅིག་བསྡུས་ཀྱི་ས་ཁུལ་དུ་སྒོ་འབྱེད་ཅན་གྱི་སྐྱོབ་རོགས་བྱེད་ས་དང་གནས་སྐབས་འགེབས་སྲུང་བྱེད་ས་དང་གྲང་ངར་འགོག་ས་བཙུགས་ནས།  འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བར་ཟ་མ་ཟ་རྒྱུ་ཡོད་པ་དང་གོས་གོན་རྒྱུ་ཡོད་པ། གྲང་ངར་འགོག་ས་ཡོད་པར་ཁག་ཐེག་བྱས་ཏེ།  དཀའ་ངལ་ཡོད་པའི་མང་ཚོགས་ལ་སྔར་ལས་མང་བའི་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2017ལོའི་ཟླ1པའི་ཚེས26ཉིན།