མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད〔2017〕ཡིག་ཨང41པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཟླ་ཕོགས་དམའ་ཤོས་སྐོར་གྱི་གཏན་འབེབས(པུའུ་བཀའ2003ལོའི་ཡིག་ཨང21པ)ཀྱི་གཏན་འབེབས་ལྟར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་བཟོ་པའི་ཆ་སྙོམས་ཟླ་ཕོགས། མཁར་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོའི་ཆུ་ཚད་སོགས་འགྱུར་བའི་གནས་ཚུལ་དང་སྦྲེལ་ནས། ཞིང་ཆེན་སྲིད་གཞུང་གིས་2017ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གཅིག་གྱུར་གྱིས་ལེགས་སྒྲིག་བྱེད་པར་བྱ་རྒྱུ་གཏན་ལ་ཕབ། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག  ལེགས་སྒྲིག་ཚད་གཞི།

ཟླ་རེའི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་མི་རེར་ཟླ་རེར་སྒོར1250དང་། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། རྨ་ལྷོ་ཁུལ་དུ་མི་རེར་ཟླ་རེར་སྒོར1260། མཚོ་ནུབ་ཁུལ་དང་མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་དུམི་རེར་ཟླ་རེར་སྒོར1270སྟེར་བ་ནས་ཞིང་ཆེན་ཡོངས་སུ་མི་རེར་ཟླ་རེར་སྒོར1500རུ་གཅིག་གྱུར་གྱིས་ལེགས་སྒྲིག་བྱ་རྒྱུ་ཡིན། དུས་ཚོད་རེའི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་མི་རེར་དུས་ཚོད་རེར་སྒོར12.7དང་། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། རྨ་ལྷོ་ཁུལ་དུ་མི་རེར་དུས་ཚོད་རེར་སྒོར12.8། མཚོ་ནུབ་ཁུལ་དང་མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་དུ་མི་རེར་དུས་ཚོད་རེར་སྒོར12.9སྟེར་བ་ནས་ཞིང་ཆེན་ཡོངས་སུ་མི་རེར་དུས་ཚོད་རེར་སྒོར15.2སུ་གཅིག་གྱུར་གྱིས་ལེགས་སྒྲིག་བྱ་རྒྱུ་ཡིན།

གཉིས། སྤྱོད་གོ་ཆོད་པའི་ཁྱབ་ཁོངས།

ཐེངས་འདིར་ལེགས་སྒྲིག་བྱས་པ་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཁེ་ལས་དང་དམངས་གཉེར་ཁེ་ལས་མིན་པའི་སྡེ་ཚན། གླ་པ་ཡོད་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་དེ་དང་ངལ་རྩོལ་འབྲེལ་བ་བྱུང་བའི་ངལ་རྩོལ་པ། རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ་དང་དེ་དང་ངལ་རྩོལ་འབྲེལ་བ་བཙུགས་པའི་ངལ་རྩོལ་པ་བཅས་ལ་སྤྱོད་གོ་ཆོད་པ་ཡིན།

ཟླ་རེའི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པར་སྤྱོད་གོ་ཆོད་པ་དང་། དུས་ཚོད་རེའི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལས་ཞུགས་ངལ་རྩོལ་པར་སྤྱོད་གོ་ཆོད་པ་ཡིན།

གསུམ། བྱ་བའི་བླང་བྱ།

ཟླ་ཕོགས་དམའ་ཤོས་ཀྱི་ལམ་ལུགས་ནི་ངལ་རྩོལ་འགན་སྲུང་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། གླ་པ་བཀོལ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་དྲང་སྙོམས་མཚོན་པ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ལྡན་པས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོ། སྡེ་ཚན་སོ་སོ་བཅས་ཀྱིས་གཙིགས་སུ་བཟུང་སྟེ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཐོག ཕྱོགས་ཡོངས་ནས་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་བྱས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོང་བྱ་དགོས།

བརྡ་སྦྱོར་འདི2017ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་པ་དང་། སྔོན་གྱིォམཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོརサ(མཚོ་སྲིད〔2014〕ཡིག་ཨང29བ)དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2017ལོའི་ཟླ6པའི་ཚེས6ཉིན།