སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར་འགའ།

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར་འགའ།

སྐྱེ་ཁམས་བར་སྟོང་ཞེས་པ་ནི་རང་བྱུང་གི་ངོ་བོ་ལྡན་ཞིང། སྐྱེ་ཁམས་ཞབས་ཕྱིའམ་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་པ་རྩོལ་ནུས་གཙོ་བོ་ཡིན་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་ལ་ཟེར། དེའི་ནང་དུ་ནགས་ཚལ་དང། རྩྭ་ཐང། བརླན་ས། ཆུ་བོ། མཚེའུ། གྲམ་ཐང། མཚོ་འགྲམ། རྒྱ་མཚོ། ས་རྒོད། ཐང་སྟོང་ཆེན་པོ། མྱ་ངམ་ཐང། འཁྱགས་ཀླུང། རི་མཐོའི་འཁྱག་ཐང་དང། མི་མེད་མཚོ་གླིང་སོགས་འདུས་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཞེས་པ་ནི་སྐྱེ་ཁམས་བར་སྟོང་ཁྱབ་ཁོངས་སུ་དམིགས་བསལ་གྱི་སྐྱེ་ཁམས་རྩོལ་ནུས་གལ་ཆེན་ལྡན་ཞིང། ངེས་པར་དུ་བཙན་ཤེད་གྱིས་སྲུང་སྐྱོང་ནན་པོ་བྱ་དགོས་པའི་ས་ཁོངས་ལ་ཟེར་ཅིང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་དང་སྲུང་སྐྱོང་བྱེད་པའི་མ་མཐའི་ཚད་ཐིག་དང་སྲོག་རྩ་ཡིན་ལ། དེའི་ནང་སྤྱིར་བཏང་དུ་ཆུ་ཁོངས་གསོ་འཁྱོངས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང། ས་ཆུ་སྲུང་འཛིན། རླུང་འགོག་པ་དང་བྱེ་མ་འཇགས་ཐབས། མཚོ་ངོགས་ཀྱི་སྐྱེ་ཁམས་ས་ཁོངས་བརྟན་ལྷིང་སོགས་ཀྱི་རྩོལ་ནུས་ལྡན་པའི་སྐྱེ་ཁམས་རྩོལ་ནུས་ས་ཁོངས་གལ་ཆེན་དང། དེ་མིན་ས་ཆུ་ཤོར་བ་དང། ས་གཞི་བྱེ་མ་དང་བྱེ་རྡོ་ཅན། བ་ཚྭ་ཅན་དུ་གྱུར་བ་སོགས་སྐྱེ་ཁམས་ཁོར་ཡུག་ཚོར་སྐྱེན་ཉམས་ཞན་ས་ཁོངས་འདུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གཙིགས་ཆེན་མཛད་དེ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གཏན་འབེབ་བྱས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་སྐུལ་འདེད་གཏོང་བའི་ཐད་ནས་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད། ཡིན་ནའང་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཆ་ནས་སྔར་བཞིན་ཅུང་ཉམས་ཞན་པ་དང། སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་ཕྱིར། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་པ་ནི། རྩོལ་ནུས་ཁུལ་གཙོ་བོའི་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་དང། སྐྱེ་ཁམས་བར་སྟོང་སྤྱོད་ཡུལ་བཀག་སྡོམ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱེད་ནུས་དང་སྐྱེ་ཁམས་མ་ལག་ཞབས་ཕྱིའི་རྩོལ་ནུས་ཇེ་དྲག་ཏུ་གཏོང་བ་དང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་བསྐྲུན་པ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་ནུས་ལྡན་ཞིག་ཡིན། ད་ལྟ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱ་བར་གཞིགས་ནས་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང། བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང།  བསམ་བློ་གསར་པ།  འཐབ་ཇུས་གསར་པ་བཅས་ལག་བསྟར་ཟབ་མོ་དང། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་རྒྱུ་དང། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏང་རྒྱུར་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང། ཏང་ཀྲུང་དབྱང་དང་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཐོག སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏང་རྒྱུ་ལྟེ་བར་བྱེད་པ་དང། སྐྱེ་ཁམས་ཀྱི་རྩོལ་ནུས་ལ་འགན་སྲུང་དང་སྲུང་སྐྱོང་བྱ་རྒྱུ་བྱེད་ཕྱོགས་གཙོ་བོར་བཟུང་སྟེ། རི་ཆུ་ནགས་ཞིང་དང་མཚེའུ་ཡི་རྒྱུད་ཁོངས་སྲུང་སྐྱོང་བྱེད་པའི་བླང་བྱ་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་པ་དང། ཐིག་དམར་གཅིག་གིས་སྐྱེ་ཁམས་ཀྱི་བར་སྟོང་གལ་ཆེན་དོ་དམ་ཚོད་འཛིན་བྱས་ནས། སྐྱེ་ཁམས་ཀྱི་རྩོལ་ནུས་ཇེ་ཞན་དུ་མི་འགྲོ་བ་དང་གཞི་ཁྱོན་ཆུང་དུ་མི་འགྲོ་བ། ངོ་བོ་མི་འགྱུར་བ་བཅས་ཁག་ཐེག་དང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

( གཉིས།) གཞི་རྩའི་རྩ་དོན་ནི།

ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་གཅོད་པ་དང།・ ཏན་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་དང། རང་བྱུང་སྐྱེ་ཁམས་ཀྱི་སྤྱི་ཡོངས་རང་བཞིན་དང་རྒྱུད་རིམ་རང་བཞིན་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱེད་པ་དང། སྐྱེ་ཁམས་རྩོལ་ནུས་ཀྱི་གལ་ཆེའི་རང་བཞིན་དང། སྐྱེ་ཁམས་ཁོར་ཡུག་གི་ཚོར་སྐྱེན་རང་བཞིན་དང་ཉམས་ཞན་རང་བཞིན་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅད་དགོས་པ་མ་ཟད། རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་དུ་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་མ་ལག་ཚང་བའི་སྒོ་ནས་བསྐྲུན་དགོས།

མ་མཐའི་ཚད་ཐིག་བརྟན་སྲུང་དང་སྲུང་སྐྱོབ་ནན་པོ་བྱ་དགོས།・ མ་མཐའི་ཚད་ཐིག་གི་འདུ་ཤེས་བརྟན་པོར་འཛུགས་པ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དེ་བར་སྟོང་གི་འཆར་གཞི་བཟོ་བའི་རྨང་གཞིར་འཛིན་དགོས། སྤྱོད་ཡུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་སྤྱོད་སྒོ་གང་འདོད་ཀྱིས་བསྒྱུར་རྒྱུ་གཏན་འགོག་བྱེད་པ་དང། ལུགས་དང་མི་མཐུན་པའི་གསར་སྤེལ་དང་འཛུགས་སྐྲུན་བྱ་འགུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་གཏོར་བཤིག་གཏོང་བར་གཏན་འགོག་བྱ་དགོས།

སྡེ་ཁག་བར་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་བྱ་དགོས།・ སྡེ་ཁག་བར་འབྲེལ་མཐུད་དང་མཐུན་སྦྱོར་བྱ་བར་ཤུགས་སྣོན་པ་དང། རྒྱལ་ཁབ་ཀྱི་ངོས་ནས་ཐོག་མའི་ཇུས་འགོད་ཡག་པོ་བྱེད་པ་དང། ལག་རྩལ་ཚད་གཞི་དང་སྲིད་ཇུས་དང་བྱེད་ཐབས་འདོན་པ་དང། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་མཁན་གྱི་འགན་འཁྲི་དོན་འཁྱོལ་དང། གོང་འོག་མཉམ་འགུལ་གྱིས་སྒྲིལ་ཤུགས་ཆགས་སུ་བཅུག་ནས། དབྱེ་མཚམས་ནན་གཅོད་ཐུབ་པ་དང་ནན་སྲུང་ཐུབ་པ་ཁག་ཐེག་བྱ་དགོས།

(གསུམ།) སྤྱིའི་དམིགས་འབེན་ནི། 2017ལོའི་ལོ་མཇུག་གི་སྔོན་དུ་པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཁོངས་དང། འབྲི་ཆུའི་དཔལ་འབྱོར་ཁུལ་འགྲམ་རྒྱུད་ཀྱི་ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར)གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅོད་པ་དང། 2018ལོའི་ལོ་མཇུག་གི་སྔོན་དུ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གཞན་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅོད་པ། 2020ལོའི་ལོ་མཇུག་གི་སྔོན་དུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་ནས་རྟགས་རྒྱག་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཐོག སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལམ་ལུགས་ཕལ་ཆེར་བཙུགས་ནས། རྒྱལ་ཁབ་མངའ་ཁོངས་ཀྱི་སྐྱེ་ཁམས་བར་སྟོང་ལེགས་སྒྱུར་དང་སྲུང་སྐྱོང་ནུས་ལྡན་ཡོང་པར་བྱེད་པ་དང། སྐྱེ་ཁམས་ཀྱི་རྩོལ་ནུས་བརྟན་ལྷིང་ཡོང་བ་སྲུང་འཛིན་དང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་སྔར་ལས་འཐུས་ཚང་དུ་གཏང་དགོས། 2030ལོར་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་བཀོད་སྒྲིག་སྔར་ལས་ལེགས་འགྱུར་འབྱུང་བ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལམ་ལུགས་ནུས་ལྡན་ངང་ལག་ལེན་བསྟར་བ་དང་སྐྱེ་ཁམས་ཀྱི་རྩོལ་ནུས་མངོན་གསལ་དོད་པོའི་ངང་ཆེ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒོ་ཀུན་ནས་འགན་ལེན་ཐོབ་པར་འཇུག་རྒྱུ་དེ་ཡིན།

གཉིས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅོད་པ།

“བཅད་གཉིས་ཁུལ་གསུམ”གཙོ་བོ་ཡིན་པའི་སྐམ་སའི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་དང“རྒྱུད་གཅིག་ཕྲེང་གཅིག་གནས་མང་ཙམ”གྱི་རྒྱ་མཚོའི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་ལ་བརྟེན་ནས། རྒྱལ་ཁབ་ཀྱིས་མཛུབ་སྟོན་དང་ས་གནས་ཀྱིས་རྩ་འཛུགས། གོང་ནས་འོག་བར་དང་འོག་ནས་གོང་བར་ཟུང་དུ་སྦྲེལ་ཐབས་སྤྱད་དེ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅད་དགོས།

(བཞི།) ཁྱབ་ཁོངས་ཀྱི་དབྱེ་མཚམས་གསལ་བོར་གཅད་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང། རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ2017ལོའི་ཟླ6པའི་ཟླ་མཇུག་གི་སྔོན་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅོད་པའི་ལག་རྩལ་ཚད་གཞི་བཟོས་ནས་ཁྱབ་སྒྲོག་བྱེད་པ་དང། ཆུ་ཁུངས་གསོ་འཁྱོངས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང། ས་ཆུ་སྲུང་འཛིན། རླུང་འགོག་པ་དང་བྱེ་མ་འཇགས་པ་སོགས་ཀྱི་སྐྱེ་ཁམས་རྩོལ་ནུས་ལྡན་པའི་ས་ཁོངས་གལ་ཆེན་དང། དེ་མིན་ས་ཆུ་ཤོར་བ་དང། ས་གཞི་བྱེ་མ་དང་བྱེ་རྡོ་ཅན། བ་ཚྭ་ཅན་དུ་གྱུར་བ་སོགས་སྐྱེ་ཁམས་ཁོར་ཡུག་ཚོར་སྐྱེན་ཉམས་ཞན་ས་ཁོངས་ལ་གདེང་འཇོག་བྱེད་ཐབས་ངེས་གསལ་བྱེད་པ་དང། སྐྱེ་ཁམས་རྩོལ་ནུས་ལྡན་པའི་ས་ཁོངས་གལ་ཆེན་དང་སྐྱེ་ཁམས་ཁོར་ཡུག་གི་ཚོར་སྐྱེན་ཉམས་ཞན་ས་ཁོངས་ཀྱི་བར་སྟོང་ཆགས་ཚུལ་ངོས་འཛིན་དགོས། གོང་གསལ་གྱི་ས་ཁོངས་རིགས་གཉིས་ཀྱི་བར་སྟོང་རྩེག་སྣོན་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཁོངས་སུ་བཅུག་སྟེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གསཪ་སྤེལ་བྱས་མི་ཆོག་པའི་ས་ཁོངས་ཡོད་ཚད་དང། སྲུང་སྐྱོང་ནན་པོ་དགོས་ངེས་ཀྱི་སྲུང་སྐྱོང་བྱ་ཡུལ་གཞན་དག་སོགས་ལ་ཁྱབ་པར་བྱ་དགོས།

(ལྔ།) སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་མཐའ་མཚམས་དོན་འཁྱོལ་བྱ་དགོས། སྲུང་སྐྱོང་གི་དགོས་མཁོ་དང་གསར་སྤེལ་བེད་སྤྱོད་ཀྱི་ད་ལྟའི་གནས་ཚུལ་ལྟར། གཙོ་བོ་གཤམ་གསལ་གྱི་དབྱེ་མཚམས་རིགས་འགའ་དང་ཟུང་དུ་སྦྲེལ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་མཐའ་མཚམས་དོན་འཁྱོལ་བྱ་དགོས་ཏེ། རང་བྱུང་མཐའ་མཚམས་ནི། གཙོ་བོ་ས་ངོས་ཆགས་ཚུལ་ལམ་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་གཞིར་བཟུང་ནས་གཏན་ཁེལ་བྱེད་པའི་མཐའ་མཚམས་ཏེ། དཔེར་ན་ནགས་མཚམས་དང་གངས་མཚམས། འབབ་རྒྱུད་ཀྱི་དབྱེ་མཚམས་དང། དེ་མིན་སྐྱེ་ཁམས་མ་ལག་ཆགས་པའི་དབྱེ་མཚམས་སོགས་ལྟ་བུ་དང། རང་བྱུང་སྲུང་སྐྱོང་ས་ཁུལ་དང་ཡུལ་ལྗོངས་གྲགས་ཅན་སོགས་སྲུང་སྐྱོང་བྱ་ཡུལ་རིགས་སྣ་ཚོགས་ཀྱི་མཐའ་མཚམས། གཙང་བོ་དང་མཚེའུ། ཆུ་མཛོད། དེ་མིན་མཚོ་ངོགས་སོགས་ཀྱི་སྐམ་སའི་ཁོངས(ཡང་ན་རྒྱ་མཚོར་ཁ་ཕྱོགས་པ)སུ་རྒྱང་ཐག་ངེས་ཅན་ཞིག་རྒྱ་བསྐྱེད་པའི་ས་མཚམས། རྒྱལ་ཡོངས་ཀྱི་ས་ཞིང་བརྟག་དཔྱད་དང་ས་གཤིས་གནས་ཚུལ་ཡོངས་བཤེར་སོགས་བྱས་ནས་གསལ་པོར་ཕྱེས་པའི་ས་ཆའི་མཐའ་མཚམས་དག་ཡིན། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་བྱེ་བྲག་གི་ས་ཆར་དོན་འཁྱོལ་བྱེད་པ་དང། སྐྱེ་ཁམས་མ་ལག་གི་རིགས་དང་སྐྱེ་ཁམས་རྩོལ་ནུས་གཙོ་བོ་ངེས་གསལ་བྱེད་པ་དང། རང་བྱུང་ཐོན་ཁུངས་ལ་བརྟེན་ནས་གཅིག་གྱུར་གྱིས་དབང་ཆ་གཏན་ཁེལ་གྱིས་ཐོ་འགོད་དང་སྤྱོད་བྱའི་ས་ཞིང་གི་ངོ་བོ་དང་ས་ཆའི་དབང་ཆའི་གཏོགས་ཁོངས་ཁ་གསལ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དེ་རྒྱལ་ཡོངས་སུ“ས་ཁྲ་གཅིག”ཆགས་སུ་འཇུག་དགོས། ས་མཚམས་ཐིག་ལེན་བྱས་པའི་རྨང་གཞིའི་ཐོག་གཅིག་གྱུར་དང་ཚད་ལྡན་གྱི་རྟགས་མཚན་བྱང་བུ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སའི་སྟེང་དུ་ཡང་དག་པར་འགོད་པ་དང། མཐའ་མཚམས་གསལ་པོ་ཡོང་བར་ཁག་ཐེག་བྱ་དགོས།

(དྲུག) དབྱེ་མཚམས་གཅོད་པའི་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སོ་སོའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་བར་སྟོང་གི་བཀོད་པ་དང་ཁྱབ་ཚུལ་སྐོར་གྱི་བསམ་འཆར་བཏོན་ནས། ཞིང་ཆེན་གྱི་ས་ཁོངས་བརྒལ་བར་འབྲེལ་མཐུད་དང་མཐུན་སྦྱོར་བྱ་བ་ལེགས་པར་བསྒྲུབ་པ་དང། ས་གནས་སོ་སོས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་དབྱེ་མཚམས་གཅོད་རྒྱུར་མཛུབ་སྟོན་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱིས་སྲུང་སྐྱོང་བྱ་ཐུབ་པའི་ན་ཐང་དང་རྩྭ་ཐང། ནགས་ཚལ་སོགས་སྐྱེ་ཁམས་མ་ལག་གི་གྲངས་འབོར་ངེས་གསལ་བྱ་དགོས་པ་མ་ཟད། སྐྱེ་ཁམས་བདེ་འཇགས་ཉེན་བརྡའི་ལྟ་ཞིབ་ཚད་ལེན་མ་ལག་དང་འབྲེལ་མཐུད་ལེགས་པོ་བྱ་དགོས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)སོ་སོས་འབྲེལ་ཡོད་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་གཅོད་པའི་འགན་འཁྲིའི་ལམ་ལུགས་དང་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང། འགན་འཁྲི་འཁུར་མཁན་སྡེ་ཁག་ངེས་གཏན་བྱས་ཐོག ཆེད་གཉེར་གྱི་ནུས་ཤུགས་རྩ་འཛུགས་བྱས་ཏེ། བྱ་བའི་འཆར་གཞི་གཏན་འབེབས་དང་ཁྱོན་ཡོངས་ནས་རིག་པས་ཁུངས་སྐྱེལ་པ། རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱེད་པ་དང། དབྱེ་མཚམས་གཅོད་པའི་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཆགས་སུ་འཇུག་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་ལག་རྩལ་ཞིབ་བཤེར་བྱེད་པ་མ་ཟད་བསམ་འཆར་བཏོན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་བཀོད་རྗེས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)སོ་སོའི་སྲིད་གཞུང་གིས་ཁྱབ་སྒྲོག་བྱས་ཏེ་ལག་བསྟར་བྱ་དགོས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)སོ་སོའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་རྨང་གཞིའི་ཐོག ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འབྲེལ་མཐུད་དང་སྤྱི་བསྡོམས་བྱས་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཆགས་སུ་འཇུག་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཁྱབ་སྒྲོག་བྱ་དགོས། རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་མཚོའི་བར་སྟོང་གི་དམིགས་བསལ་རང་བཞིན་ལ་གཞིགས་ཏེ། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་བསམ་འཆར་འདི་གཞིར་བཟུང་སྟེ་འབྲེལ་ཡོད་ལག་རྩལ་ཚད་གཞི་གཏན་འབེབས་བྱེད་པ་དང། རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་མཚོའི་བར་སྟོང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་དབྱེ་མཚམས་གཅོད་དགོས་པ་མ་ཟད། ཞིབ་བཤེར་བྱ་བར་རྩ་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་ཁོངས་སུ་འཇུག་དགོས།

གསུམ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནན་སྲུང་བྱ་དགོས།

ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོ་གཙོ་བོའི་འགན་འཁྲི་དོན་འཁྱོལ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་བཙན་གཅུན་བྱེད་ཤུགས་ཆེ་རུ་བཏང་ཐོག སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་དོ་དམ་ཚོད་འཛིན་དང་སྐུལ་ལྕག་བྱ་ཐབས་ཆ་ཚང་ཞིག་ཆགས་སུ་འཇུག་དགོས།

(བདུན།) ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ངེས་གསལ་བྱ་དགོས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནན་སྲུང་བྱེད་པའི་འགན་འཁུར་མཁན་གཙོ་བོ་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དེ་འབྲེལ་ཡོད་ཕྱོགས་བསྡུས་ཀྱི་ཇུས་ཐག་གཅོད་པའི་གཞི་འཛིན་ས་གལ་ཆེན་ཞིག་དང་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བཟང་པོ་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་བགོས་ཚུལ་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང། མཛུབ་ཁྲིད་མཐུན་སྦྱོར་དང་ནམ་རྒྱུན་གྱི་སྐོར་སྲུང་དང། ཁྲིམས་བསྟར་ལྟ་སྐུལ་བཅས་བྱ་བ་ལེགས་པར་བསྒྲུབས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་མཉམ་དུ་བསྲུང་དགོས། དམིགས་ཚད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང། སྲུང་སྐྱོང་གི་དམིགས་འབེན་དང་ལས་འགན། བླང་བྱ་བཅས་རིམ་པ་རེ་རེ་བཞིན་དུ་བགོས་ཏེ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། སྐུལ་ལྕག་དང་གཅུན་སྡོམ་རྐྱེན་སྲོལ་གསར་གཏོད་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སྲུང་སྐྱོང་ཐད་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགོས། གཏོར་བཤིག་བཏང་བ་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་གཅོད་ནན་པོ་བྱ་དགོས། དགོས་མཁོ་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དོ་དམ་སྲུང་སྐྱོང་གི་ལས་རྐང་བཙུགས་ཏེ། སྡོད་དམངས་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཞུགས་པའི་བརྩོན་སེམས་ཇེ་ཆེར་གཏང་དགོས།

(བརྒྱད།) སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་དམིགས་བསལ་གྱི་གོ་གནས་ངེས་གཏན་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་རྗེས། འབྲེལ་ཡོད་འཆར་འགོད་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་བར་སྟོང་དོ་དམ་དང་ཚོད་འཛིན་གྱི་བླང་བྱ་དང་མཐུན་དགོས།  མི་མཐུན་པའི་རིགས་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས། བར་སྟོང་འཆར་འགོད་སྒྲིག་བཟོ་བྱེད་སྐབས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དེ་རྨང་གཞི་གལ་ཆེན་དུ་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ངོས་ནས་རྒྱལ་ཁོངས་ཀྱི་བར་སྟོང་གསར་འབྱེད་བྱེད་པའི་མ་མཐའི་ཚད་ཐིག་གི་ནུས་པ་འདོན་སྤེལ་བྱ་དགོས།

(དགུ།) དོ་དམ་ཚོད་འཛིན་ནན་པོ་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་རྩ་དོན་ཐོག་གསར་སྤེལ་བྱེད་མི་ཆོག་པའི་ས་ཁོངས་ཀྱི་བླང་བྱ་ལྟར་དོ་དམ་བྱ་དགོས། བྱེད་པོ་གཙོ་བོའི་རྩོལ་ནུས་གཏན་ཁེལ་བྱས་པ་དང་མི་མཐུན་པའི་གསར་སྤེལ་གྱི་བྱེད་སྒོ་རིགས་སྣ་ཚོགས་གཏན་འགོག་དང། སྤྱོད་སྒོ་གང་འདོད་ཀྱིས་བསྒྱུར་བར་གཏན་འགོག་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་མཚམས་བཅད་རྗེས་མང་དུ་གཏོང་བ་ལས་ཉུང་འཕྲི་བྱ་མི་རུང། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་དམངས་ཀྱི་འཚོ་ཚིས་འགན་ལེན་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་དགོས་དབང་གིས་ལེགས་སྒྲིག་བྱ་དགོས་ཚེ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་རིགས་པས་ཁུངས་སྐྱེལ་པ་དང་ལེགས་སྒྲིག་གི་ཇུས་གཞི་བཏོན་ཏེ། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་བཤེར་བསམ་འཆར་བཏོན་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་པར་ཞུ་དགོས། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཐོན་ཁུངས་རྩད་ཞིབ་བྱེད་པའི་དགོས་མཁོ་ཡོད་ན། བྱེད་པོ་གཙོ་བོའི་རྩོལ་ནུས་གཏན་ཁེལ་བྱས་པར་གནོད་རྐྱེན་མི་བཟོ་བའི་སྔོན་འགྲོའི་འོག ཁྲིམས་ལྟར་ཆོག་མཆན་ཐོབ་རྗེས་རྩད་ཞིབ་ལས་གཞི་བཀོད་སྒྲིག་བྱ་དགོས།

(བཅུ།) སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་སྟེར་ཤུགས་ཆེ་རུ་གཏང་དགོས། ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་ལམ་ལུགས་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་བ་དང། རྒྱལ་ཁབ་ཀྱི་སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོར་སྒྱུར་སྤོ་གཏོང་སྤྲོད་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གནས་སའི་ས་ཁུལ་དང་ཕན་ཁེ་ཐོབ་པའི་ས་ཁུལ་གྱིས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་རྐྱེན་སྲོལ་འཚོལ་ཞིབ་སྒོས་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་མཉམ་དུ་འཁུར་པར་སྐུལ་འདེད་གཏང་དགོས།

(བཅུ་གཅིག) སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་དེ་རི་ཆུ་ནགས་ཞིང་དང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལས་གྲྭའི་ནང་དོན་གལ་ཆེན་དུ་བརྩི་དགོས། རྫོང་རིམ་པའི་སྲིད་འཛིན་ཁུལ་དེ་གཞི་རྩའི་སྡེ་ཚན་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་རྩིས་ཁྲའི་མ་ལག་འཛུགས་པ་དང། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་འཆར་ཟིན་བཟོས་ཏེ་ལག་བསྟར་བྱ་དགོས། སྐྱེ་ཁམས་མ་ལག་ལེགས་པོ་དང་དངོས་རིགས་གལ་ཆེན་འཚོ་སའི་གནས་དམིགས་བསལ་གྱིས་སྔོན་ལ་སྲུང་སྐྱོང་བྱེད་པ་དང། སྐྱེ་ཁམས་ཁྱམས་ལམ་བཙུགས་ཐོག་འཐུས་ཚང་དུ་གཏང་དགོས་ཤིང། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་མཐུད་སྦྲེལ་རང་བཞིན་ཆེ་རུ་གཏང་དགོས། ཁུལ་དང་རིགས་དབྱེ་ནས་གནོད་འཚེ་ཐེབས་པའི་སྐྱེ་ཁམས་མ་ལག་ཉམས་གསོ་བྱེད་པ་དང། བཀག་སྡོམ་གཙོ་བོ་ཡིན་པའི་རང་བྱུང་ཉམས་གསོ་བྱེད་ཐབས་སྤྱོད་པའི་ཞོར་དུ་མིའི་ཐབས་ཀྱིས་ཉམས་གསོ་བྱས་ཏེ། སྐྱེ་ཁམས་ཀྱི་རྩོལ་ནུས་ལེགས་སྒྱུར་དང་ཆེ་རུ་གཏང་དགོས། ཆུ་ཁུངས་གསོ་འཁྱུངས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་གཙོ་ཁྲིད་ཀྱི་སྐྱེ་ཁམས་རྩོལ་ནུས་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་བདམས་ནས། སྲུང་སྐྱོང་དང་ཉམས་གསོའི་དཔེ་སྟོན་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སྐྱེ་ཁམས་ཡུལ་མི་གནས་སྤོ་བར་རིམ་བཞིན་སྐུལ་འདེད་བཏང་ཆོག་པ་དང། མི་འབོར་འོས་འཚམ་གྱིས་གཅིག་བསྡུས་སྒོས་བཀོད་སྒྲིག་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང།  མིའི་རིགས་འགུལ་སྐྱོད་ཀྱི་ཚད་ཇེ་ཉུང་དུ་བཏང་ནས་སྐྱེ་ཁམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏང་དགོས། སྐམ་མཚོ་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྩ་དོན་ལྟར། རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་རྒྱ་མཚོའི་བར་སྟོང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཡོད་སའི་སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་དེའི་མཐའ་འཁོར་ས་ཁོངས་ཀྱི་སྦགས་བཙོག་མཉམ་འགོག་མཉམ་བཅོས་བྱེད་ཤུགས་དངོས་གནས་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནང་གི་རྒྱ་མཚོར་འབབ་པའི་ཆུ་བོའི་འབབ་རྒྱུད་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱ་དགོས།

(བཅུ་གཉིས།) ལྟ་ཞིབ་ཚད་ལེན་གྱི་དྲ་བ་འཛུགས་པ་དང་ལྟ་སྐུལ་དོ་དམ་སྟེགས་བུ་བསྐྲུན་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཛུགས་སྐྱོང་དང་འཐུས་ཚང་དུ་བཏང་ནས། ས་ངོས་ཀྱི་སྐྱེ་ཁམས་མ་ལག་དང་ཁོར་ཡུག གནམ་གཤིས། ཆུ་དཔྱད་དང་ཆུའི་ཐོན་ཁུངས། ས་ཆུ་སྲུང་འཛིན། རྒྱ་མཚོ་སོགས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་དང་འཁོར་སྐར་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང། བལྟོས་བཅས་ཀྱི་གཏན་འཇགས་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལྟ་སྐུལ་ཚོད་འཛིན་བྱེད་གནས་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་དུས་ཐོག་ཏུ་བསྡུ་ལེན་བྱ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནན་སྲུང་དང་ལྟ་སྐུལ་དོ་དམ་གྱི་སྟེགས་བུ་གཟུག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་སྟེགས་དང་གཞི་གྲངས་ཆེན་པོར་བརྟེན་ནས། སྤྲིན་རྩིས་དང་ཟོག་སྦྲེལ་དྲ་བ་སོགས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདུས་གྲུབ་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པར་ཤུགས་སྣོན་རྒྱག་པ་དང། སྐྱེ་ཁམས་གནམ་གཤིས་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ནུས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། སྐྱེ་ཁམས་མ་ལག་གྲུབ་ཚུལ་དང་ཁྱབ་ཚུལ། འགྱུར་ཚུལ་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་འཇུག་པ་དང། སྐྱེ་ཁམས་ཉེན་ཁར་དུས་ཐོག་ཏུ་གདེང་འཇོག་དང་སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དོ་དམ་གྱི་ཐབས་ཇུས་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས། མིའི་རིགས་ཀྱིས་འགལ་རྐྱེན་བཟོ་བའི་འགུལ་སྐྱོད་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དུས་ཐོག་ཏུ་ཤེས་དགོས་ཤིང། ལྟ་སྐུལ་ཚོད་འཛིན་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དེ་ས་གནས་དེ་གའི་སྲིད་གཞུང་ལ་བརྡ་ཁྱབ་བཏང་སྟེ། འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་ནུས་ལྟར་ཡུལ་དངོས་སུ་ལྟ་བཤེར་བྱ་བར་རྩ་འཛུགས་བྱས་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅད་དགོས། 2017ལོའི་ལོ་མཇུག་གི་སྔོན་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལྟ་སྐུལ་དོ་དམ་གྱི་ལས་སྟེགས་འཁོར་རྒྱུག་ཚོད་ལྟའི་བྱ་བ་ཡོངས་སུ་འགྲུབ་དགོས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)སོ་སོས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལྟ་སྐུལ་དོ་དམ་སྟེགས་བུ་ལ་བརྟེན་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང། སྲིད་འཛིན་ས་ཁུལ་རང་གི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཐོག རིམ་པ་བགོས་ནས་ལྟ་སྐུལ་དོ་དམ་བྱེད་པ་དང། ཆ་འཕྲིན་དུས་ཐོག་ཏུ་བསྡུ་ལེན་དང་ཕྱིར་ལྡོག་པ་དང། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་གཅོད་བྱ་དགོས།

(བཅུ་གསུམ།) དུས་བཅད་ལྟར་གདེང་འཇོག་བྱ་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གདེང་འཇོག་རྐྱེན་སྲོལ་གཟུག་དགོས། སྐྱེ་ཁམས་མ་ལག་གི་ཆགས་སྟངས་དང་སྤུས་ཚད། རྩོལ་ནུས་སོགས་ཀྱི་ཐད་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་སྐྱེ་ཁམས་རྩོལ་ནུས་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་ཐབས་བཀོད་འཐེན་དགོས། དུས་བཅད་ལྟར་རྩ་འཛུགས་བྱས་ནས་གདེང་འཇོག་བྱེད་པ་དང། རྒྱལ་ཡོངས་དང་གཙོ་གནད་ས་ཁོངས་དང། རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་སྐྱེ་ཁམས་རྩོལ་ནུས་ཀྱི་གནས་ཚུལ་དང་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ་དང། གདེང་འཇོག་བྱས་འབྲས་དེ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་ཆགས་སྟངས་ལེགས་སྒྱུར་དང། རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་མ་དངུལ་བཀོད་སྒྲིག མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲིར་རྩད་གཅོད་པའི་གཞི་འཛིན་སར་བརྩི་དགོས་པ་མ་ཟད། སྤྱི་ཚོགས་སུ་ཁྱབ་སྒྲོག་བྱ་དགོས།

(བཅུ་བཞི།) ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་པ་སོ་སོའི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སྐོར་གྱི་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་རྒྱུན་རྣམ་ཅན་གྱི་ཁྲིམས་བསྟར་རྐྱེན་སྲོལ་འཛུགས་པ་དང། དུས་བཅད་ལྟར་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས། ཁྲིམས་བསྟར་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས་ཁྲིམས་ལྟར་ཆད་པ་གཅད་དགོས་ཤིང། གྱོད་དོན་བྱུང་ན་ངེས་པར་དུ་ཞིབ་བཤེར་དང་ཁྲིམས་དང་འགལ་ན་ངེས་པར་དུ་རྩད་གཅོད་བྱ་དགོས། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་འཛིན་ལས་ཁུངས་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱ་བར་ཤུགས་སྣོན་པ་དང། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་མཉམ་འགུལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

(བཅོ་ལྔ།) དཔྱད་ཞིབ་རྐྱེན་སྲོལ་གཟུག་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གདེང་འཇོག་བྱས་འབྲས་དང་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་ཚུལ་གཞིར་བཟུང་སྟེ། ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱིས་སྲུང་སྐྱོང་ཕན་འབྲས་ལ་དཔྱད་ཞིབ་བྱེད་པ་མ་ཟད། དཔྱད་ཞིབ་བྱས་འབྲས་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་མ་ལག་ཏུ་བཅུག་སྟེ། དེ་ཏང་སྲིད་མགོ་ཁྲིད་ཚན་སྐོར་དང་མགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་ཀྱིས་གདེང་འཇོག་དང་འགན་འཁྲིར་རྩད་གཅོད།  ལས་གནས་ལས་འབྲལ་དུས་རྩིས་བཤེར་བཅས་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས།

(བཅུ་དྲུག) འགན་འཁྲི་རྩད་གཅོད་ནན་པོ་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱིས་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་འགལ་ཏེ། སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་སྡེ་ཁག་དང་ས་གནས། སྡེ་ཚན་དང་འབྲེལ་ཡོད་འགན་ཁུར་བར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ォཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲིར་རྩད་གཅོད་བྱེད་ཐབས(ཚོད་ལྟའི་ལག་བསྟར)サ སོགས་ཀྱི་གཏན་ཕབ་ལྟར་འགན་འཁྲིར་རྩད་གཅོད་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཐད་ཀྱི་བྱ་བར་སྐུལ་འདེད་བཏང་བ་མི་འདང་བ་ལ། གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་བསླབ་འདོམས་སྐུལ་ལྕག་བྱེད་པའམ་མངོན་གསལ་དུ་དགོངས་དག་ཞུ་རུ་འཇུག་པ།  ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་པའམ་ཏང་སྲིད་ཀྱི་སྒྲིག་ཁྲིམས་ལྟར་ཆད་པ་གཅད་དགོས། ནག་ཉེས་སུ་གྱུར་བའི་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་ལ། ཚེ་གང་པོར་འགན་འཁྲིར་རྩད་གཅོད་བྱ་དགོས་ཤིང། འགན་ཁུར་མི་སྣས་ལས་གནས་སྤོར་བའམ་གོ་ས་སྤར་བ། ཡང་ན་ལས་འཁྱུར་ངལ་གསོ་གང་བྱས་རུང་ངེས་པར་དུ་འགན་འཁྲིར་རྩད་གཅོད་ནན་པོ་བྱ་དགོས།

བཞི་བ། རྩ་འཛུགས་ཀྱི་འགན་སྲུང་ཤུགས་དྲག་ཏུ་གཏང་དགོས།

(བཅུ་བདུན།) རྩ་འཛུགས་དང་མཐུན་སྦྱོར་བྱེད་ཐད་ཤུགས་བསྣན་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་། རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དོ་དམ་དང་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ས་གནས་དང་སྡེ་ཁག་གི་འགན་འཁྲི་ངེས་གསལ་བྱ་དགོས། ས་གནས་སོ་སོས་རྩ་འཛུགས་དང་མཐུན་སྦྱོར་བྱེད་ཐད་ཤུགས་སྣོན་པ་དང་། ལྟ་སྐུལ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གང་མགྱོགས་ཀྱིས་དབྱེ་མཚམས་བཅད་ནས་ནན་སྲུང་བྱེད་པའི་བྱ་བའི་རྣམ་པ་ཆགས་སུ་འཇུག་དགོས།

(བཅོ་བརྒྱད།) སྲིད་ཇུས་དང་རྐྱེན་སྲོལ་འཐུས་ཚང་གཏང་དགོས། སྐྱེ་ཁམས་རྩོལ་ནུས་ཆེ་རུ་འགྲོ་བ་དང་འགན་སྲུང་བྱེད་པར་ཕན་པའི་ས་ཞིང་དང་ཐོན་ལས། མ་དངུལ་འཇོག་པ་སོགས་ཀྱི་ཆ་ཚང་སྒྲིག་པའི་སྲིད་ཇུས་མགྱོགས་མྱུར་ངང་གཏན་ལ་འབེབ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་འབྲེལ་ཡོད་ཀྱི་ཁྲིམས་གཟུག་པར་སྐུལ་འདེད་བཏང་ཐོག ས་གནས་སོ་སོས་ཡུལ་བབ་དང་བསྟུན་ཏེ། དེར་མཐུན་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དོ་དམ་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱིར་འདོན་དགོས། ཚོང་ར་ཅན་དང་སྤྱི་ཚོགས་ཅན་དུ་མ་དངུལ་རྒྱུན་འཁོར་གྱི་རྐྱེན་སྲོལ་གཟུག་པར་ཞིབ་འཇུག་བྱེད་པ་དང་། ཐབས་ལམ་སྣ་མང་ནས་སྲུང་སྐྱོང་མ་དངུལ་གྲབས་གསོག་བྱས་ཏེ་མ་དངུལ་གྱི་སྒྲིལ་ཤུགས་འདོན་སྤེལ་བྱ་དགོས།

(བཅུ་དགུ།) མཉམ་དུ་སྲུང་སྐྱོང་བྱ་བར་སྐུལ་འདེད་གཏང་དགོས། ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཐད་ཀྱི་ལྟ་སྐུལ་ཚོད་འཛིན་དང་གདེང་འཇོག ཆད་གཅོད་དང་དཔྱད་ཞིབ་བཅས་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་པ་དང་། ས་གནས་སོ་སོས་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཁྱབ་སྟངས་དང། སྙོམ་སྒྲིག སྲུང་སྐྱོང་བྱས་ཚུལ་ལ་སོགས་པའི་ཆ་འཕྲིན་དུས་ཐོག་དང་ཡང་དག་སྒོས་ཁྱབ་སྒྲོག་བྱས་ནས། སྤྱི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་ཐེ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་འགན་སྲུང་བྱ་དགོས། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྨྱན་བྱད་དང་སྤྱི་ཕན་རྩ་འཛུགས། དང་བླངས་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལྟ་སྐུལ་དང་ཐེར་འདོན་གྱི་ཐབས་ལམ་ཐོགས་པ་མེད་པར་བྱ་དགོས།

བསམ་འཆར་འདི་ཉིད་ལག་བསྟར་བྱས་རྗེས། འབྲེལ་ཡོད་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཀྱི་སྲིད་ཇུས་དང་གཏན་ཕབ་གཞན་དག་བསམ་འཆར་འདིའི་བླང་བྱ་ལྟར་ལེགས་སྒྲིག་སམ་བེད་མེད་དུ་བཟོ་དགོས། ས་གནས་སོ་སོས་དམ་འཛིན་གྱིས་ལག་བསྟར་བྱེད་ཐབས་བཟོ་བ་དང། དམིགས་ཚད་ལས་འགན་དང་འགན་འཁྲི་ལས་བགོས། དུས་ཚོད་ཀྱི་བླང་བྱ་བཅས་ངེས་གསལ་བྱས་ཏེ།  བླང་བྱ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།