ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོང་དང་འཛིན་སྤྱོད་ཁ་གསབ་དོ་སྙོམས་ལ་ལེགས་བཅོས་བྱེད་པར་ཤུགས་སྣོན་གཏོང་བའི་སྐོར་གྱི་བསམ་འཆར།

ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ།

ཀྲུང་སྤེལ〔2017〕ཡིག་ཨང4བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོང་དང་འཛིན་སྤྱོད་ཁ་གསབ་དོ་སྙོམས་ལ་ལེགས་བཅོས་བྱེད་པར་ཤུགས་སྣོན་གཏོང་བའི་སྐོར་གྱི་བསམ་འཆར།

(2017ལོའི་ཟླ1པའི་ཚེས9ཉིན།)


རྨོ་ཞིང་ནི་རང་རྒྱལ་ཀྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་ཞིག་ཡིན་ལ། དེས་མི་དུང་ཕྱུར་བཅུ་ལྷག་གི་བཟའ་བཏུང་གི་དོན་ཆེན་ལ་འབྲེལ་བ་ཡོད་པས་ངེས་པར་དུ་སྲུང་སྐྱོང་ལེགས་པོ་བྱེད་པ་ལས་བྱེད་འཛོལ་གཏན་ནས་འབྱུང་མི་རུང་། ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཧུར་ཐག་གིས་བྱེད་ཐབས་སྤྱད་དེ་གཙོ་གཞིའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ནན་ཏན་སྒོས་འཛིན་སྤྱོད་དང་ཁ་གསབ་ཀྱི་དོ་སྙོམས་ལམ་ལུགས་དོན་འཁྱོལ་གཟབ་ནན་བྱེད་པ་དང་རྨོ་ཞིང་གི་ཐིག་དམར་ནན་སྲུང་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་བྱ་བར་ལས་འབྲས་མངོན་གསལ་ཐོབ། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་བར་སླེབས་པ་དང་། གསར་དར་བཟོ་ལས་ཅན་དང་མཁར་གྲོང་ཅན་འཛུགས་སྐྲུན་གཏིང་ཟབ་མོའི་ངང་སྐུལ་སྤེལ་བྱེད་པ་བསྟུན། རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་མུ་མཐུད་ཇེ་ཉུང་དུ་འགྲོ་བ། རྨོ་ཞིང་གི་འཛིན་སྤྱོད་ཁ་གསབ་དོ་སྙོམས་དང་འཛིན་སྤྱོད་ལེགས་ཆ་དང་ཁ་གསབ་ལེགས་ཆ་མངོན་འགྱུར་འབྱུང་བའི་དཀའ་ཁག་ཉིན་རེར་ཇེ་ཆེར་འགྲོ་བ་དང་། སྐུལ་བསྟོད་ཚོད་འཛིན་རྐྱེན་སྲོལ་ད་དུང་འཐུས་ཚང་མིན་པས་རྨོ་ཞིང་སྲུང་སྐྱོང་དང་ཐད་ལ་གནོན་ཤུགས་གང་མང་འཕྲད་ཡོད། རྨོ་ཞིང་སྲུང་སྐྱོང་དང་འཛིན་སྤྱོད་ཁ་གསབ་དོ་སྙོམས་བྱ་བ་ལེགས་བཅོས་བྱེད་པའི་ཐད་སྔར་ལས་ལྷག་པར་ཤུགས་སྣོན་གཏོང་བའི་ཆེད་དུ། ད་ལྟ་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ

(གཅིག) མཛུབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་བཅོ་བརྒྱད་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ།  ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རབ་དང་རིམ་པའི་གསུང་བཤད་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་གཏིང་ཟབ་སྒོས་ལག་བསྟར་ལེན་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅསངས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང། རྨོ་ཞིང་གི་ཐིག་དམར་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་གྱོང་གུན་མི་ཐེབས་པ་བཅས་ཚད་མཐའ་གསུམ་ནན་སྲུང་བྱེད་དགོས། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་ཆེས་གཟབ་ནན་གྱི་ས་ཞིང་བཀོལ་སྤྱོད་གྲོན་ཆུང་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། དོམ་ཁྲ་ལ་སྲུང་སྐྱོང་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོང་བྱེད་དགོས། ནུས་ཤུགས་གང་ཡོད་ཀྱིས་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཀ སྐྱེ་ཁམས་སོགས“གནས་གསུམ་གཞི་གཅིག”སྲུང་སྐྱོང་བྱེད་པར་ཤུགས་སྣོན་གཏོང་དགོས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་རྨོ་ཞིང་དོ་དམ་ཚོད་འཛིན་དང་འཛུགས་སྐྲུན། སྐུལ་བསྟོད་ཐབས་མང་མཉམ་སྤྱོད་ཀྱིས་སྲུང་སྐྱོང་བྱེད་དགོས། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རྨོ་ཞིང་འཛིན་སྤྱོད་ཁ་གསབ་དོ་སྙོམས་ཚད་དང་ལྡན་པའི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་གཏོང་དགོས། འབྲུ་རིགས་ཐོན་ནུས་ས་ལས་ཉར་གསོག་བྱེད་པ་དང་འབྲུ་རིགས་ལག་རྩལ་ལས་ལ་བརྟེན་ནས་ཉར་གསོག་བྱེད་པའི་ཐབས་ཇུས་དོན་འཁྱོལ་བྱེད་དགོས། འབྲུ་རིགས་ཀྱི་སྤྱིའི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོ་རུ་འདེགས་པ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོ་ཞིག་བསྐྲུན་དགོས།

(གཉིས) གཞི་རྩའི་བའི་རྩ་དོན།

སྲུང་སྐྱོང་དང་དོ་དམ་ནན་མོ་རྒྱུན་འཁྱོངས་བྱེད་དགོས།・ རྨོ་ཞིང་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ས་ཞིང་སྤྱོད་སྒོ་བཀག་སྡོམ་ཇེ་དྲག་ཏུ་གཏོང་བ། རྨོ་ཞིང་གི་སྤུས་ཚད་ལ་སྲུང་སྐྱོང་དང་མཐོ་རུ་འདེགས་པ་ཇེ་དྲག་ཏུ་གཏོང་བ། རྨོ་ཞིང་འཛིན་སྤྱོད་ཁ་གསབ་དོ་སྙོམས་ཀྱི་གོ་རིམ་ཁྲོད་རྨོ་ཞིང་གི་གྲངས་འབོར་ཁ་གསབ་གནས་སུ་འབྱོར་མེད་པ་དང་རྨོ་ཞིང་གི་སྤུས་ཚད་ཁ་གསབ་གནས་སུ་འབྱོར་མེད་པའི་གནད་དོན་བཅས་རྦད་ཆོད་ཀྱིས་སྔོན་འགོག་བྱེད་དགོས། མང་འཛིན་གསབ་ཉུང་དང་ལེགས་འཛིན་གསབ་ཞན་། ཆུ་ཞིང་འཛིན་པ་དང་སྐམ་ཞིང་ཁ་གསབ་བྱེད་པའི་སྣང་ཚུལ་རྦད་ཆོད་ཀྱིས་སྔོན་འགོག་བྱེད་དགོས། གཏན་ཁེལ་བྱས་པའི་རྨོ་ཞིང་གི་དམར་ཐིག་ལས་གཏན་ནས་བརྒལ་མི་རུང་བ་དང་། དབྱེ་མཚམས་བཅད་ཟིན་པའི་གྲོང་ཁྱེར་མཐའ་འཁོར་གྱི་ཡུན་གནས་གཞི་རྩའི་ས་ཞིང་གང་འདོད་དུ་གཏན་ནས་འཛིན་སྤྱོད་བྱེད་མི་རུང་།

གྲོན་ཆུང་དམིགས་སུ་བཀར་ནས་རྒྱུན་འཁྱོངས་བྱེད་དགོས།・ གསོག་འབོར་དང་གསར་སྣོན་འཛུགས་སྐྲུན་བཀོལ་ས་གཅིག་གྱུར་གྱིས་འཆར་འགོད་དང་བཀོལ་སྤྱོད་བྱས་ཏེ་འཕར་གྲངས་ནན་གྱིས་ཚོད་འཛིན་དང་གསོག་ཐེབས་ཕན་བསྒྱུར། གྲུབ་ཚུལ་ལེགས་བསྒྱུར། ལས་ཆོད་མཐོར་འདེགས་བཅས་བྱེད་པ་དང་། འཛུགས་སྐྲུན་བཀོལ་སའི་སྤྱིའི་གྲངས་འབོར་དང་དྲག་ཚད་ཟུང་འཛིན་ལག་བསྟར་བྱས་ཏེ་ས་ཞིང་གྲོན་ཆུང་དང་བསྡུ་འཛོམས་ཀྱི་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཆེས་ཉུང་བའི་ས་ཞིང་གཏོང་འཇོག་གིས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་དགོས།

གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས།・ ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་གི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་གི་གཙོ་གཞིའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ཁེ་ཕན་སྙོམ་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བརྩོན་སྐུལ་དང་གཅུན་སྡོམ་མཉམ་སྤྱོད་བྱེད་པ། ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕན་ཚུན་གཅིག་གྱུར་བྱེད་པ་མངོན་འགྱུར་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་གི་འགན་དབང་ཁེ་གསུམ་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།

བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས།・ དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བླང་བྱ་དང་མཐུན་པ། གནད་དོན་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ། ཡུན་གནས་གཞི་རྩའི་ས་ཞིང་གི་དོ་དམ་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ཐོག་རྨོ་ཞིང་གི་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་དོ་དམ་བྱེད་སྟངས་ལེགས་བཅོས་བྱེད་དགོས། འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་ཧེ་བག་ཅན་དོ་དམ་སྲིད་ཇུས་ལག་བསྟར་བྱེད་དགོས། རྨོ་ཞིང་ཁ་གསབ་ཀྱི་ཐབས་ལམ་དང་མ་དངུལ་ཐབས་ལམ་རྒྱ་ཆེར་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་འཛིན་སྤྱོད་ཁ་གསབ་དོ་སྙོམས་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏངནས་དཔལ་འབྱོར་འཕེལ་རྒྱས་དང་རྨོ་ཞིང་སྲུང་སྐྱོང་གི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས།

(གསུམ) སྤྱིའི་དམིགས་འབེན། རྨོ་ཞིང་གི་ཐིག་དམར་དམ་སྲུང་བྱས་ཏེ་དངོས་ཡོད་རྨོ་ཞིང་གི་གྲངས་འབོར་གཞི་རྩའི་གཏན་འཇགས་དང་སྤུས་ཀ་ཇེ་མཐོར་ཡོང་བར་ཁག་ཐག་བྱེད་དགོས།  2020ལོར་བསླེབ་དུས། རྒྱལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་གྲངས་འབོར་མུའུ་དུང་ཕྱུར18.65ལས་མི་ཉུང་བ། ཡུན་གནས་གཞི་རྩའི་ས་ཞིང་སྲུང་སྐྱོང་རྒྱ་ཁྱོན་མུའུ་དུང་ཕྱུར15.46ལས་མི་ཉུང་བ།  ས་ཞིང་མུའུ་དུང་ཕྱུར8བསྐྲུན་པ་ཁག་ཐེག་བྱེད་པ་དང་མུའུ་དུང་ཕྱུར10ཡི་ཚད་གཞི་མཐོ་བའི་ས་ཞིང་ཧུར་བརྩོན་གྱིས་བསྐྲུན་ནས་འགྲུབ་དགོས། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་གཏན་འཇགས་ངང་མཐོར་འདེགས་སུ་བཏང་ནས་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་དང་ཟ་འབྲུ་ཉེན་མེད་བདེ་འཇགས་ཡིན་པར་ཐོན་ཁུངས་འགན་སྲུང་འདོན་སྤྲོད་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་འཛིན་སྤྱོད་ཁ་གསབ་དོ་སྙོམས་སྲིད་ཇུས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་སྲུང་སྐྱོང་དེ་བས་ནུས་ཤུགས་ཡོད་པ་དང་ལག་བསྟར་དེ་བས་བདེ་བླག་ཡིན་པ། དོ་དམ་དེ་བས་ནུས་མཐོ་བའི་རྨོ་ཞིང་སྲུང་སྐྱོང་གི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས།

གཉིས། གཟབ་ནན་གྱིས་འཛུགས་སྐྲུན་བཀོལ་སྤྱོད་རྨོ་ཞིང་ཚོད་འཛིན་བྱེད་དགོས།

(བཞི) ས་ཞིང་འཆར་འགོད་དོ་དམ་ཚོད་འཛིན་དང་སྤྱོད་སྒོ་བཀག་སྡོམ་ཐད་ཤུགས་སྣོན་གཏོང་དགོས།  ས་ཞིང་བེད་སྤྱོད་པའི་སྤྱིའི་འཆར་འགོད་ཀྱི་ཁྱོན་ཡོངས་བཀག་སྡོམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ནས་གསར་གསར་སྣོན་འཛུགས་སྐྲུན་གྱི་ས་ཞིང་སྤྱོད་སྒོའི་གཞི་ཁྱོན་ལ་ཞིབ་བཤེར་གཏན་འབེབས་ནན་པོ་བྱེད་པ་དང་། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་བཏང་ནས་འཛུགས་སྐྲུན་ཐད་འཛིན་སྤྱོད་བྱེད་པའི་རྨོ་ཞིང་དང་ལྷག་པར་དུ་སྤུས་ལེགས་རྨོ་ཞིང་ནན་གྱིས་ཚོད་འཛིན་བྱེད་དགོས། གསར་སྣོན་འཛུགས་སྐྲུན་བཀོལ་སའི་འཆར་གཞི་བཀོད་སྒྲིག་དང་ས་ཞིང་གྲོན་ཆུང་ཞིབ་བསྡུས་བེད་སྤྱོད་ཆུ་ཚད། རྨོ་ཞིང་གི་ཁ་གསབ་ནུས་པ་བཅས་མཐུད་སྦྲེལ་བྱེད་པ་ལག་བསྟར་བྱས་ཏེ། འཛུགས་སྐྲུན་བཀོལ་ས་གསོག་འབོར་གཞི་ཁྱོན་ཅུང་ཆེ་བ་དང་བེད་སྤྱོད་རགས་རྩིང་ཡིན་པ། རྨོ་ཞིང་གི་ཁ་གསབ་ནུས་པ་མི་འདང་བའི་ཁྱབ་ཁོངས་སུ་གསར་སྣོན་འཛུགས་སྐྲུན་བཀོལ་སའི་འཆར་གཞི་འོས་འཚམས་སྒོས་ལེགས་སྒྲིག་བྱས་ཏེ་ཇེ་ཉུང་དུ་གཏོང་དགོས།  ས་ཞིང་གི་སྤྱོད་སྒོ་བརྒྱུད་བཀོལ་ཆོག་འཐུས་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་ཞིང་ལས་མིན་པའི་འཛུགས་སྐྲུན་གྱི་འཛིན་སྤྱོད་རྨོ་ཞིང་གི་བརྒྱུད་བཀོལ་བཀག་སྡོམ་ཇེ་དྲག་ཏུ་གཏོང་དགོས།

(ལྔ) ནན་ཏན་གྱིས་ཡུན་གནས་གཞི་རྩའི་ས་ཞིང་གི་དབྱེ་མཚམས་འབྱེད་པ་དང་སྲུང་སྐྱོང་བྱེད་དགོས། ཡུན་གནས་གཞི་རྩའི་ས་ཞིང་གི་དབྱེ་མཚམས་གཅོད་པ་ཁྱོན་ཡོངས་ནས་འགྲུབ་པ་དང། ཡུན་གནས་གཞི་རྩའི་ས་ཞིང་གི་དབྱེ་མཚམས་གཅོད་པ་དེ་ས་ཞིང་བེད་སྤྱོད་པའི་སྤྱིའི་འཆར་འགོད་གྱི་གཏན་ཁེལ་ནང་དོན་དུ་རྩིས་ནས། འཆར་འགོད་ཆོག་མཆན་མ་བཀོད་པའི་སྔོན་ལ་ཞིབ་བཤེར་གཏན་འབེབས་བྱེད་པ་མ་ཟད་ས་ཁྲའི་སྟེང་འགོད་པ་དང་མཛོད་ནང་འཇུག་པ། ཁྱིམ་ཚང་ལ་དོན་ཐོག་ཏུ་འཁྱོལ་བ་མ་ཟད། ད་དུང་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ཟུང་འབྲེལ་བྱས་ཏེ་ཡུན་གནས་གཞི་རྩའི་ཞིང་ས་དེ་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆའི་འཛིན་ཡིག་སྟེང་འགོད་དགོས། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོང་ཁུལ་གཙོ་བོའི་ཁྱབ་ཁོངས་ནང་གི་རྨོ་ཞིང་ལ་དམིགས་གསལ་གྱིས་སྔོན་དུ་ཡུན་གནས་གཞི་རྩའི་ས་ཞིང་གི་ཁོངས་སུ་སྒྲིལ་ཏེ་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་དགོས། ཡུན་གནས་གཞི་རྩའི་ས་ཞིང་གི་དབྱེ་མཚམས་བཅད་ཡོད་ཚེ་སྡེ་ཚན་དང་མི་སྒེར་གང་ཡིན་རུང་རང་འདོད་ལྟར་འཛིན་སྤྱོད་དང་དེའི་སྤྱོད་སྒོ་ལ་བསྒྱུར་བཅོས་བྱེད་མི་ཆོག ཡུན་གནས་གཞི་རྩའི་ཞིང་སས་རིགས་སོ་སོའི་འཛུགས་སྐྲུན་གྱི་བཀོད་སྒྲིག་བྱེད་ཚུལ་ལ་ཚོད་འཛིན་བྱེད་པའི་ཤུགས་ཇེ་དྲག་ཏུ་གཏོང་བ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་འཛུགས་སྐྲུན་སོགས་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་བྱེད་པ་དང་།  འཆར་མང་གཅིག་སྒྲིལ་བྱེད་པའི་གོ་རོམ་ཁྲོད་ཡུན་གནས་གཞི་རྩའི་ས་ཞིང་གི་བཀོད་སྒྲིག་དང་འབྲེལ་མཐུད་བྱས་ཏེ་རྩ་དོན་ཐོག་ཡུན་གནས་གཞི་རྩའི་ས་ཞིང་གི་དབྱེ་མཚམས་ལས་བརྒལ་མི་ཆོག སྤྱིར་བཏང་གི་འཛུགས་སྐྲུན་ལས་གཞི་དེས་ཡུན་གནས་གཞི་རྩའི་ཞིང་ས་འཛིན་སྤྱོད་བྱེད་མི་ཆོག་པ་དང་།  གཙོ་གནད་འཛུགས་སྐྲུན་ལས་གཞིའི་ས་གནས་འདེམས་པར་ཡུན་གནས་གཞི་རྩའི་ཞིང་ས་དངོས་གནས་གཟུར་གཡོལ་དཀའ་བར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དུས་རིམ་སྐབས་སུ་ངེས་པར་དུ་འཛིན་སྤྱོད་ཀྱི་དགོས་ངེས་རང་བཞིན་དང་ལུགས་མཐུན་རང་བཞིན། གསབ་འགོད་ཇུས་གཞིའི་བྱེད་འཐུས་རང་བཞིན་ལ་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་ཏེ་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ས་ཞིང་སྤྱོད་པའི་གྲབས་འདྲི་བརྒྱུད་དགོས། ཞིང་ལས་ཐད་བཀོལ་བའི་ས་ཞིང་བརྒྱུད་བཀོལ་དང་ས་ཆ་གཞུང་བསྡུ་བཅའ་ཁྲིམས་དང་གཏན་ཁེལ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་འགོད་དགོས། རྫོང་དང་ཤང་གི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་རང་དགར་གྱིས་ལེགས་སྒྲིག་བྱེད་པར་གཏན་འགོག་བྱེད་དགོས་པ་དང་། ཡུན་གནས་གཞི་རྩའི་ཞིང་ས་འཛིན་སྤྱོད་ཀྱི་ཞིབ་བཤེར་ཆོག་མཆན་ལ་ཟུར་བྱོལ་བྱེད་དགོས།

(དྲུག) བསྡུ་འཛོམས་ས་སྤྱོད་གྲོན་ཆུང་བྱས་ནས་འཛུགས་སྐྲུན་ཐད་འཛིན་སྤྱོད་བྱེད་པའི་རྨོ་ཞིང་གི་གནོན་ཤུགས་ཇེ་ཡང་དུ་གཏོང་དགོས།  འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་སྤྱིའི་འབོར་གྲངས་དང་དྲག་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ་རིམ་བཞིན “ལོ་ལྔའི་བཅུ་གསུམ”དུས་སྐབས་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་སྤྱིའི་འབོར་གྲངས་དང་སྡེ་ཚན་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྤྱི་གྲངས་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་རྒྱ་ཁྱོན་ཐོན་ཚད་ཉུང་དུ་གཏོང་བའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་དགོས། གསོག་ཐེབས་བྱེད་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་ཕན་བསྒྱུར་བེད་སྤྱོད་བྱེད་པ་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་གི་ཚོང་ར་ཕལ་པ་བཅོས་བསྒྱུར་ཚོད་ལྟ་བྱེད་པར་སྐུལ་འདེད་བྱས་ཏེ། མཁར་གྲོངགི་ཕན་ནུས་ཞན་པའི་ས་ཆ་བསྐྱར་དུ་གསར་སྤེལ་བྱེད་པར་སྐུལ་འདེད་བྱེད་དགོས། ཐོན་ནུས་ལྷག་དྲགས་པའི་ལས་རིགས་དང“བེམ་རོ་ཁེ་ལས”ལ་མཁོ་བའི་ས་ཞིང་ཕྱིར་འཐེན་པ་དང་ཐོན་སྐྱེད་གཞན་ལ་སྒྱུར་བ་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་སྣེ་ཁྲིད་བྱེད་དགོས།  ས་ཞིང་བེད་སྤྱོད་ཀྱི་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ་དང་འཛུགས་སྐྲུན་ལས་གཞིའི་ས་ཞིང་གྲོན་ཆུང་ལ་གདེང་འཇོག་བྱེད་པ་ཚད་ལྡན་དུ་གཏོང་དགོས། ས་ཞིང་གྲོན་ཆུང་གི་ལག་རྩལ་དང་ས་ཞིང་གྲོན་ཆུང་གི་བྱེད་སྟངས་ཁྱབ་གདལ་དུ་གཏོང་ཐོག་བསྡུ་འཛོམས་ས་སྤྱོད་གྲོན་ཆུང་གི་དམིགས་འབེན་དཔྱད་ཞིབ་དང་ཚོད་འཛིན་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་གྲངས་འབོར་ཇེ་ཉུང་དུ་གཏོང་བ་དང་མི་འཕར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བྱས་ཏེ་གསར་སྣོན་འཛུགས་སྐྲུན་དེས་རྨོ་ཞིང་འཛིན་སྤྱོད་མི་བྱེད་པའམ་ཡང་ན་གང་ཐུབ་ཀྱིས་ཇེ་ཉུང་གཏོང་དགོས།

གསུམ། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་དོ་དམ་ལེགས་བཅོས་བྱེད་དགོས།

(བདུན) རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་འགན་འཁྲི་དོན་འཁྱོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་འཛིན་སྤྱོད་བྱེད་པར་འཛུགས་སྐྲུན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་རྨོ་ཞིང་ཁ་གསབ་བྱེད་པའི་འོས་འགན་སྒྲུབ་དགོས། གྲངས་འབོར་དང་སྤུས་ཚད་འདྲ་མཚུངས་ཡིན་པའི་རྨོ་ཞིང་ལ་རང་ཉིད་ཀྱིས་ཁ་གསབ་བྱེད་མི་ཐུབ་པར་གཏན་ཁེལ་ལྟར་རྨོ་ཞིང་གསར་སྦོལ་གྱི་གྲོན་དངུལ་གྲངས་འདང་ངེས་ཤིག་སྤྲོད་དགོས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་ས་ཞིང་བཅོས་སྐྱོང་རྩ་འཛུགས་དང་ལག་བསྟར་བྱེད་པའི་འགན་འཁུར་བ་དང་། ས་ཞིང་ལེགས་སྒྲིག་དང་བསྐྱར་སྦོལ། གསར་སྤེལ་སོགས་བྱེད་པ་བརྒྱུད་དེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། རྨོ་ཞིང་གི་གྲངས་འབོར་འཕར་སྣོན་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། རྫོང་ཁོངས་རང་ཤུགས་སུ་དོ་མཉམ་བྱེད་པ་གཙོ་བོ་དང་། ཞིང་ཆེན་མངའ་ཁོངས་ནང་ལོགས་ཀྱི་སྙོམ་སྒྲིག་བྱེད་པ་ཕལ་བ། རྒྱལ་ཁབ་ཀྱིས་འོས་འཚམ་གཅིག་འདོམས་ཀྱི་ཁ་གསབ་བྱས་ཏེ་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་དོན་འཁྱོལ་བྱེད་དགོས།  ཞིང་ཆེན་སོ་སོའ(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སྲིད་གཞུང་གིས་ས་ཞིང་བཅོས་སྐྱོང་གསར་སྣོན་རྨོ་ཞིང་གི་ཆ་སྙོམས་མ་གནས་དང་རྨོ་ཞིང་འཛིན་སྤྱོད་ཀྱི་སྤུས་ཚད་གནས་ཚུལ་སོགས་གཞིར་བཟུང་ནས་ཁྱད་ཡོད་ཅན་གྱི་རྨོ་ཞིང་གསར་སྦོལ་གྲོན་དངུལ་གྱི་ཚད་གཞི་གཏན་འབེབས་བྱེད་དགོས། ཁྲིམས་ལྟར་ཆོག་མཆན་བཀོད་པ་བརྒྱུད་ཡུན་གནས་གཞི་རྩའི་ཞིང་ས་འཛིན་སྤྱོད་བྱེད་པར་གྲོན་དངུལ་འཇལ་བའི་ཚད་གཞི་དེ་ས་གནས་དེ་གའི་རྨོ་ཞིང་གསར་སྦོལ་གྲོན་དངུལ་གྱི་ཆེས་ཚད་མཐོ་བའི་ལྡབ་གསུམ་ལྟར་ལག་བསྟར་བྱེད་དགོས།

(བརྒྱད) ཤུགས་ཆེན་པོས་ས་ཞིང་བཅོས་སྒྲིག་ལག་བསྟར་དང་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་དོན་འཁྱོལ་བྱེད་དགོས། ཞིང་ཆེན་སོ་སོའི(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སྲིད་གཞུང་གིས་རང་ས་ཁུལ་གྱི་ལོ་རེའི་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་བྱས་ཏེ་ཞིང་ཆེན་མངའ་ཁོངས་ནང་གི་འཛུགས་སྐྲུན་ཐད་རྨོ་ཞིང་འཛིན་སྤྱོད་བྱེད་པ་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་སྒོས་ཁ་གསབ་བྱེད་པ་གནས་སུ་འབྱོར་བ་ཁག་ཐག་བྱེད་དགོས། རྨོ་ཞིང་ཁ་གསབ་ཀྱི་བྱེད་ཐབས་རྒྱ་སྐྱེད་པ་དང་། ས་ཞིང་བཅོས་སྒྲིག་དང་ཚད་མཐོན་པོའི་ས་ཞིང་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སྣོན་འཕྲི་མཐུད་སྦྲེལ། ལོ་རྒྱུས་ཐོག་ལུས་པའི་བཟོ་གཏེར་དང་བེད་མེད་དུ་བསྐྱུར་བའི་ས་ཆ་བསྐྱར་སྦོལ་སོགས་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱེད་དགོས་པ་དང་། གསར་སྣོན་རྨོ་ཞིང་ཞིབ་བཤེར་གཏན་འབེབས་བྱེད་རྗེས་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་ལག་བསྟར་བྱེད་པར་བཀོལ་ཆོག སྐྱེ་ཁམས་ལ་སྲུང་སྐྱོང་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྨོ་འདེབས་ལ་འཕྲོད་པའི་ས་ཞིང་གི་ཐོན་ཁུངས་རྗེས་གྲབས་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་འབྱེད་པ་དང་། ས་ཞིང་བྱེ་མར་གྱུར་ཚད་ཆེ་དྲག་པ་གསར་སྦོལ་བྱེད་མི་ཆོག  ཏུའུ25ཡན་གྱི་ལ་གཟར་བོའི་སྟེང་རྨོ་ཞིང་གསར་སྦོལ་བྱེད་མི་ཆོག  སྒྲིག་འགལ་ངང་ནགས་ཚལ་ལ་གཏོར་བརླག་བཏང་ནས་རྨོ་ཞིང་གསར་སྦོལ་བྱེད་པར་གཏན་འགོག་བྱེད་དགོས། ས་གནས་ཀྱིས་འབྲེལ་ཡོད་མ་དངུལ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་བྱས་ཏེ་ས་ཞིང་བཅོས་སྒྲིག་ལག་བསྟར་དང་ཚད་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། ནོར་སྲིད་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས(PPP)བྱེད་སྟངས་དང་བྱ་དགའ་གསབ་དངུལ་དུ་བསྒྱུར་བ་སོགས་ཀྱི་བྱེད་སྟངས་སྤྱོད་པར་སྐུལ་མ་གཏོང་བ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ། ཞིང་ལས་གཉེར་སྐྱོང་གི་གཙོ་གཞི་གསར་བ་སོགས་ལ་སྣེ་ཁྲིད་པ། ས་ཞིང་བཅོས་སྒྲིག་འཆར་འགོད་དངུལ་འཇོག་གམ་ཡང་ན་ས་ཞིང་བཅོས་སྒྲིག་གི་ལས་གཞི་ནང་ཞུགས་པ་གཞིར་བཟུང་ནས་ཐབས་ལམ་མང་མང་པོ་བརྒྱུད་ནས་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་དོན་འཁྱོལ་བྱེད་དགོས།

(དགུ) ཞིང་ཆེན་མངའ་ཁོངས་ནང་གི་རྨོ་ཞིང་ཁ་གསབ་བྱེད་པའི་དམིགས་ཚད་སྙོམས་སྒྲིག་དོ་དམ་ཚད་ལྡན་དུ་གཏོང་དགོས།  རྫོང(གྲོང་ཁྱེར་དང་ཆུས)སྲིད་གཞུང་གིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་ཡོང་བ་བྱེད་ཐབས་མེད་ན་གྲོང་ཁྱེར་མངའ་ཁོངས་དང་ཐག་ཉེ་སའི་རྫོང(གྲོང་ཁྱེར་དང་ཆུས)ནས་སྙོམས་སྒྲིག་ཁ་གསབ་བྱེད་ཆོག སྔར་བཞིན་རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་ཡོང་བ་བྱེད་ཐབས་མེད་ན་ཞིང་ཆེན་མངའ་ཁོངས་ནང་གི་ཐོན་ཁུངས་ཆ་རྐྱེན་འདྲ་མཚུངས་ཡིན་པའི་ས་ཁུལ་ནས་སྙོམ་སྒྲིག་ཁ་གསབ་བྱེད་ཆོག ཞིང་ཆེན་སོ་སོས(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)རྨོ་ཞིང་ཁ་གསབ་བྱེད་པའི་དམིགས་ཚད་སྙོམས་སྒྲིག་དོ་དམ་ཚད་ལྡན་དུ་གཏོང་བ་དང་རིན་གོང་ཆགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག  རྨོ་ཞིང་ཁ་གསབ་ཀྱི་མ་གནས་དང་ཐོན་ཁུངས་སྲུང་སྐྱོང་ཁ་གསབ། བདག་སྐྱོང་གྲོན་དངུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ནས་མཛུབ་སྟོན་རིན་གོང་སྙོམས་སྒྲིག་གཏན་འབེབས་བྱེད་དགོས།

(བཅུ) རྨོ་ཞིང་ཁ་གསབ་ཐད་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པར་འཚོལ་ཞིབ་བྱེད་དགོས།  ས་ཁུལ་སོ་སོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་གནས་ཚུལ་དང་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཆ་རྐྱེན། ས་ཞིང་བཅོས་སྒྲིག་ལས་གསར་སྣོན་རྨོ་ཞིང་གི་མི་མངོན་པའི་སྟོབས་ཤུགས་སོགས་གཞིར་བཟུང་ནས་རྨོ་ཞིང་ཁ་གསབ་ཐད་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་དེར་རིགས་དབྱེ་ནས་ལག་བསྟར་བྱེད་དགོས། རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཞན་དྲག་པའི་ཐད་སྐྱོང་གྲོང་ཁྱེར་གྱི་སྣོན་འཛུག་སྐྲུན་གྱིས་རྨོ་ཞིང་འཛིན་སྤྱོད་བྱེད་རྗེས། གསར་སློག་བྱེད་པའི་རྨོ་ཞིང་གི་གྲངས་འབོར་དེས་འཛིན་སྤྱོད་བྱེད་ཟིན་པའི་རྨོ་ཞིང་གི་གྲངས་འབོར་ཁ་གསབ་བྱེད་མ་ཐུབ་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་རེ་འདུན་ཞུས་ཆོག ཐོན་ཁུངས་ཁོར་ཡུག་གི་ཆ་རྐྱེན་ལ་ཚོད་འཛིན་བྱེད་དྲག་པ་དང་རྨོ་ཞིང་ཁ་གསབ་ཀྱི་ནུས་པ་ཞན་དྲག་པའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་གལ་ཆེའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ་ལས་ཐོན་པའི་རྨོ་ཞིང་ཁ་གསབ་བྱེད་པའི་ཆད་གྲངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་བྱེད་པར་རེ་འདུན་ཞུས་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་རྗེས། འབྲེལ་ཡོད་ཞིང་ཆེན་གྱིས་གཏན་ཁེལ་ཚད་གཞི་ལྟར་ཀྲུང་དབྱང་ནོར་སྲིད་ལ་ཞིང་ཆེན་ལས་བརྒལ་བའི་རྨོ་ཞིང་ཁ་གསབ་མ་དངུལ་སྤྲོད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱིས་རྨོ་ཞིང་ཁ་གསབ་གཅིག་གྱུར་འཆར་འགོད་བྱེད་པའི་ལས་འགན་ལ་མཁོ་བའི་མ་དངུལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང། རྨོ་ཞིང་རྗེས་གྲབས་ཐོན་ཁུངས་འཛོམས་པོ་ཡིན་པའི་ཞིང་ཆེན་གྱིས་རྨོ་ཞིང་ཁ་གསབ་ཀྱི་ལས་འགན་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ལས་བརྒལ་བའི་རྨོ་ཞིང་ཁ་གསབ་ཀྱི་མ་དངུལ་བསྡུ་ལེན་བྱེད་པའི་ཚད་གཞི་དེ་རྨོ་ཞིང་ཁ་གསབ་ཀྱི་མ་གནས་དང་ཐོན་ཁུངས་སྲུང་སྐྱོང་ཁ་གསབ། དོ་དམ་བདག་སྐྱོང་གྲོན་དངུལ། ས་ཁོངས་ཀྱི་ཁྱད་པར་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་གྱིས་བསམ་བློ་བཏང་ནས་གཏན་ཁེལ་བྱེད་པ་དབ་། བྱེ་བྲག་གི་བྱ་ཐབས་དེ་ནོར་སྲིད་པུའུ་དང་རྒྱལ་ཁོངས་ཐོན་ཁུངས་པུའུ་མཉམ་དུ་ལོགས་སུ་གཏན་འབེབས་བྱེད་དགོས།

(བཅུ་གཅིག) རྨོ་ཞིང་ཁ་གསབ་ཀྱི་ཞིབ་བཤེར་རྩིས་ལེན་གཟབ་ནན་བྱེད་དགོས།  གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་ས་ཞིང་བཅོས་སྒྲིག་དང་ཚད་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞིའི་གོ་རིམ་ཧྲིལ་བོ་དོ་དམ་བྱེད་པར་ཤུགས་སྣོན་གཏོང་བ་དང་། ལས་གཞི་འཆར་འགོད་ཇུས་འགོད་ཚད་ལྡན་དུ་བཏང་ནས་ལས་གཞིའི་རྒྱུན་ལྡན་ལྟ་སྐུལ་དོ་དམ་དང་ལས་སྒྲུབ་ལྟ་ཞིབ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། ལས་གཞིའི་ཨར་ལས་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་ལེགས་སྒྲུབ་བྱེད་པ་དང་ནན་ཏན་གྱིས་གསར་སྣོན་རྨོ་ཞིང་གི་གྲངས་འབོར་གཏན་ཁེལ་བྱས་ཏེ། འབྲེལ་ཡོད་ལག་རྩལ་གྱི་སྒྲིག་སྲོལ་གཞིར་བཟུང་ནས་གསརསྣོན་རྨོ་ཞིང་གི་སྤུས་ཚད་དཔྱད་བསྡུར་གཏན་འབེབས་བྱེད་དགོས།  ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་པའི་ཚད་ལྡན་གྱི་གསར་སྣོན་རྨོ་ཞིང་གིས་དུས་ཐོག་ཏུ་ལོ་འཁོར་གྱི་ས་ཞིང་བེད་སྤྱོད་སྒྱུར་བཅོས་བརྟག་དཔྱད་ཁྲོད་ས་ཞིང་གི་རིགས་སྒྱུར་བཅོས་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་གྲོང་ཁྱེར་དང་རྫོང་གི་རྨོ་ཞིང་ཁ་གསབ་ཀྱི་ཞིབ་བཤེར་བསྐྱར་བཤེར་ལེགས་བསྒྲུབས་བྱས་ཏེ་གྲངས་འབོར་དང་སྤུས་ཀ་གནས་སུ་འབྱོར་དགོས།

བཞི། རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་དང་སྲུང་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་དགོས།

(བཅུ་གཉིས) གཞི་ཁྱོན་ཆེན་པོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སོ་སོས་རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་དང་རྒྱལ་ཡོངས་ས་ཞིང་བཅོས་སྒྲིག་འཆར་འགོད་ཀྱི་བཀོདསྒྲིག་ལྟར། རིམ་པ་བཞིན་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ལས་འགན་བགར་ནས་འཛུགས་སྐྲུན་གྱི་ཚད་གཞི་དང་ས་ཁྲ་རུ་འགོད་པ་དང་མཛོད་དུ་འཇུག་པ། ལྟ་སྐུལ་དོ་དམ་དཔྱད་ཞིབ་སོགས་གཅིག་གྱུར་བྱེད་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པའི་བྱ་བའི་རྐྱེན་སྲོལ་བཙུགས་ནས་ནོར་སྲིད་མ་དངུལ་གྱིས་སྤྱི་ཚོགས་མ་དངུལ་དེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་གི་དུས་མཇུག་བདག་སྐྱོང་ལ་ཤུགས་སྣོན་བཏང་ནས་སུས་བེད་སྤྱད་ན་དེས་བདག་སྐྱོང་དང་དེར་ཕན་ཁེ་ཐོབ་པ་དང་་དེས་འགན་ཁུར་དགོས་པའི་རྩ་དོན་ལྟར། ཚད་གཞི་མཐོ་བའི་ས་ཞིང་གི་རྨང་གཞིའི་སྒྲིག་ཆས་ཀྱི་བདག་སྐྱོང་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་གི་འཛུགས་སྐྲུན་གནས་ཚུལ་གཅིག་གྱུར་གྱིས་རྒྱལ་ཁོངས་ཐོན་ཁུངས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན“རི་མོ་གཅིག”དང་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་སྟེགས་བཀོད་ནས་དྲ་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པ་ལག་བསྟར་དང་དཔྱད་དཔོག་དཔྱད་ཞིབ་གཅིག་གྱུར་བྱེད་དགོས།

(བཅུ་གསུམ) རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་འདེགས་སུ་གཏོང་བའི་བྱེད་སྒོ་ལག་བསྟར་བྱེད་དགོས། འཛུགས་སྐྲུན་ཐད་འཛིན་སྤྱོད་བྱེད་པའི་རྨོ་ཞིང་གི་རྨོ་འདེབས་རིམ་པ་འཐེན་རྗེས་བསྐྱར་དུ་བཀོལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་དང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་འཛུགས་སྐྲུན་སྡེ་ཚན་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ་འགན་འཁྲི་དོན་འཁྱོལ་བྱེད་དགོས་ལ། འབྲེལ་ཡོད་གྲོན་དངུལ་དེ་འཛུགས་སྐྲུན་ལས་གཞིའི་མ་འཇོག་སྔོན་རྩིས་ནང་བཀོད་དེ་རྨོ་ཞིང་ཁ་གསབ་ཀྱི་སྤུས་ཚད་མཐོ་རུ་འདེགས་དགོས། སྤུས་ཚད་དམའ་འབྲིང་གི་རྨོ་ཞིང་དེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཁོངས་སུ་བཀོད་ནས་སྤུས་ཚད་མཐོར་འདེགས་བསྒྱུར་བཀོད་ལག་བསྟར་བྱེད་དགོས། རྨོ་ཞིང་ཁ་གསབ་ཀྱི་གྲངས་འབོར་ཁག་ཐེག་བྱེད་པ་དང་མཉམ་དུ་རྨོ་ཞིང་གི་སྤུས་ཚད་མཐོ་རུ་འདེགས་པ་དང་། ནན་ཏན་གྱིས་འཛིན་སྤྱོད་ཁ་གསབ་དོ་སྙོམས་དང་ལེགས་བཟུང་ལེགས་གསབ་དོན་འཁྱོལ་བྱེད་དགོས། གསར་སྣོན་རྨོ་ཞིང་གི་དུས་མཇུག་ས་གཤིས་ལེགས་བཅོས་ལ་ཤུགས་སྣོན་བཏང་ཐོག་ལས་གྲྭ་དང་སྐྱེ་དངོས། ཞིང་ལས་ལག་རྩལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་གྱིས་བེད་སྤྱད་དེ། ཉམས་ཞན་དུ་གྱུར་བའི་རྨོ་ཞིང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་རྨོ་ཞིང་གི་སྦགས་བཙོག་ལ་ཚོད་འཛིན་དང་ཉམས་གསོ་བྱེད་པ་སོགས་ཁྱབ་སྤེལ་བྱས་ཏེ་ས་གཤིས་བཏུལ་བའི་སྤུས་འབྲས་ཇེ་མགྱོགས་སུ་གཏོང་བ། ས་དཔྱད་རྫས་སྦྱོར་ལུད་རྒྱག་ལག་བསྟར་དང་ས་རྒྱུའི་གཤིན་ཚད་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་གི་ཐོན་ནུས་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།

(བཅུ་བཞི) རྨོ་ཞིང་གི་གསོ་སྤེལ་ལས་གཉེར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། ཏུའུ25ཡན་གྱི་རྨོ་ཞིང་གཟར་མོ་དང་བྱེ་འགྱུར་ཚད་ཆེ་བའི་རྨོ་ཞིང་། གལ་ཆེའི་ཆུའི་འགོ་ཁུངས་ཏུའུ15-25ཡི་རྨོ་ཞིང་གཟར་མོ། སྦགས་བཙོག་ཆེ་དྲག་པའི་རྨོ་ཞིང་སོགས་སུ་གོ་རིམ་ཡོད་པའི་སྒོ་ནས་རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་སྤེལ་དགོས། དངོས་གནས་རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་པར་མཁོ་བའི་རྨོ་ཞིང་དེ་ཡུན་གནས་གཞི་རྩའི་ས་ཞིང་གི་ནང་དུ་བཀོད་མི་ཆོག་ལ། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ས་ཞིང་དེ་ས་ཞིང་བཅོས་སྒྲིག་གི་ལས་གཞིར་བཀོད་མི་ཆོག ཡུན་གནས་གཞི་རྩའི་ཞིང་ས་དང་ས་ཞིང་བཅོས་སྒྲིག་ལས་གསར་དུ་བསྣན་པའི་རྨོ་ཞིང་། གཟར་ཞིང་སྐས་ཞིང་དུ་བསྒྱུར་བའི་རྨོ་ཞིང་སོགས་རྨོ་བསྐྱུར་གྱི་ཁོངས་སུ་རང་དགར་གྱིས་བསྡུ་འཇུག་མི་ཆོག  རྨོ་ཞིང་རེས་འདེབས་ལོག་འཇོག་ཚོད་ལྟ་ཧུར་ཐག་བརྟན་པོའི་ངང་སྐུལ་འདེད་བྱེད་དགོས་པ་དང་། རེས་འདེབས་ལོག་འཇོག་རྨོ་ཞིང་དོ་དམ་བྱེད་པར་ཤུགས་སྣོན་གཏོང་བ་ལས་རྨོ་ཞིང་ཇེ་ཉུང་དུ་གཏོང་བའམ་གཏོར་བརླག་བྱེད་མི་ཆོག  རྨོ་ཞིང་གི་རིགས་བསྒྱུར་མི་ཆོག་པ་དང་ཞིང་ལས་ཀྱི་སྤྱིའི་ཐོན་སྐྱེད་ནུས་པ་ཉམས་དམས་སུ་བཏང་མི་ཆོག རེས་འདེབས་ལོག་འཇོག་གི་རྨོ་ཞིང་སྲུང་སྐྱོང་དང་བསྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་བཏང་ཐོག་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཁོངས་སུ་དམིགས་སུ་བཀར་ནས་འགོད་དགོས། ཡུལ་བབ་དང་བསྟུན་ནས་ཞིང་མི་སློག་པའམ་སློག་པ་ཇེ་ཉུང་དུ་གཏོང་བ། ས་ཞིང་གཏིང་ཟབ་ཏུ་མི་སློག་པ། ལུད་རྫས་གཏིང་འཇོག་དང་འབྲུ་སྲན་རེས་འདེབས་སྤེལ་འདེབས་ཀྱི་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལམ་ལུགས་ལག་བསྟར་བྱེད་པ་དང་།  ས་རྒྱུའི་སྐྱེ་ལྡན་རྫས་བཅུད་འདུས་ཚད་ཇེ་མཐོར་གཏོང་བ་དང་ས་རྒྱུའི་འཚོ་བཅུད་དོ་མཉམ་ཡོང་བ་བྱས་ཏེ་ས་ཞིང་སྤྱོད་པ་དང་ས་ཞིང་གསོ་བ་ཟུང་འབྲེལ་མངོན་འགྱུར་བྱེད་པ་དང་།  ཐབས་མང་མཉམ་སྤྱོད་ཀྱིས་རྨོ་ཞིང་གི་ཐོན་ནུས་སྲུང་སྐྱོང་དང་མཐོར་འདེགས་སུ་གཏོང་དགོས།

(བཅོ་ལྔ) རྨོ་ཞིང་གི་སྤུས་ཚད་ལ་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་གཏོང་དགོས། རྨོ་ཞིང་གི་སྤུས་ཚད་དང་ཐོན་ནུས་ལ་གདེང་འཇོག་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གདེང་འཇོག་དམིགས་ཚད་མ་ལག་དང་གདེང་འཇོག་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། དུས་བཅད་ལྟར་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་སྤུས་ཚད་དང་རྨོ་ཞིང་གི་ཐོན་ནུས་ཆུ་ཚད་ལ་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་པ་མ་ཟད་གདེང་འཇོག་གི་མཐའ་འབྲས་ཁྱབ་སྒྲོག་བྱེད་དགོས། ས་ཞིང་བརྟག་དཔྱད་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་དང་རྨོ་ཞིང་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་འཐུས་ཚང་དུ་བཏང་ནས་རྨོ་ཞིང་སྤུས་ཚད་ཀྱི་ལོ་འཁོར་ལྟ་ཞིབ་ཚད་ལེན་བྱེད་པའི་གྲུབ་འབྲས་གསར་བཅོས་ཁྱབ་སྤེལ་བྱེད་དགོས།

ལྔ། རྨོ་ཞིང་སྲུང་སྐྱོང་གི་གསབ་དངུལ་སྤྲོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

(བཅུ་དྲུག) རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་གཙོ་གཞིའི་གྱོང་གསབ་སྤྲོད་པར་སྐུལ་བསྟོད་བྱེད་པའི་ཤུགས་ཇེ་ཆེར་གཏོང་དགོས།  ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཞིང་ལས་དང་འབྲེལ་བའི་མ་དངུལ་སྡེབ་སྒྲིག་ལ་ཧུར་ཐག་གིས་སྐུལ་སྤེལ་དང་། རྨོ་ཞིང་སྲུང་སྐྱོང་གི་རྒྱ་ཁྱོན་དང་རྨོ་ཞིང་སྤུས་ཚད་ཀྱི་གནས་ཚུལ། འབྲུ་རིགས་འདེབས་པའི་གཞི་ཁྱོན། འབྲུ་རིགས་ཀྱི་ཐོན་ཚད་དང་འབྲུ་རིགས་ཚོང་ཟོག་ཏུ་གྱུར་ཚད་བཅས་དང་དེ་མིན་རྨོ་ཞིང་སྲུང་སྐྱོང་གི་ལས་འགན་གྲངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་ནས་གཅིག་གྱུར་གྱིས་མ་དངུལ་བཀོད་སྒྲིག་བྱེད་དགོས། སུས་སྲུང་སྐྱོང་བྱས་ན་དེར་ཕན་ཁེ་ཐོབ་པའི་རྩ་དོན་ལྟར་རྨོ་ཞིང་སྲུང་སྐྱོང་གི་གྱོང་གསབ་སྤྲོད་པའི་ཤུགས་ཇེ་ཆེར་གཏོང་དགོས། ས་གནས་ཀྱིས་ནོར་སྲིད་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པར་སྐུལ་བསྟོད་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་ལས་འགན་འཁུར་བའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པའི་ཁྱིམ་ཚང་ལ་བྱ་དགའི་ཁ་གསབ་སྤྲོད་དགོས། བྱ་དགའི་ཁ་གསབ་གཏོང་བ་དེ་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ཟུང་སྦྲེལ་བྱས་ཏེ་གཙོ་བོ་ས་ཞིང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་དུས་མཇུག་བདག་སྐྱོང་དང་ཞིག་གསོ། ས་བཅུད་གསོ་སྐྱོང། རྨོ་ཞིང་སྲུང་སྐྱོང་དོ་དམ་སོགས་སུ་བཀོལ་སྤྱོད་བྱེད་དགོས།

(བཅུ་བདུན) ས་ཁུལ་བརྒལ་ནས་རྨོ་ཞིང་ཁ་གསབ་བྱེད་པའི་ཁེ་ཕན་མཐུན་སྦྱོར་ལག་བསྟར་བྱེད་དགོས།  སྐྱེ་ཁམས་ཆ་རྐྱེན་འོས་པའི་སྔོན་འགྲོའི་ཆ་རྐྱེན་འོག རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གཙོ་གནད་དབུལ་སྐྱོར་ས་ཁུལ་དུ་གོ་རིམ་ཡོད་པའི་སྒོ་ནས་ས་ཞིང་བཅོས་སྒྲིག་བྱས་ཏེ་རྨོ་ཞིང་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང། རྨོ་ཞིང་ཁ་གསབ་ཀྱི་དམིགས་ཚད་དེ་ཞིང་ཆེན་ནང་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་ཁ་གཏད་ནས་སྙོམ་སྒྲིག་བྱེད་ཆོག རྨོ་ཞིང་ཁ་གསབ་ཀྱི་དམིགས་ཚད་སྙོམ་སྒྲིག་བྱེད་པའི་ཁེ་ཕན་རྫོང་རིམ་པའི་སྲིད་གཞུང་གིས་སྔོན་རྩིས་བཀོད་སྒྲིག་བྱེད་པ་བརྒྱུད་རྨོ་ཞིང་སྲུང་སྐྱོང་དང་ཞིང་ལས་ཐོན་སྐྱེད། ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བཀོད་སྤྱོད་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཐད་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། རྨོ་ཞིང་འཛིན་སྤྱོད་ས་ཁུལ་གྱིས་རྨོ་ཞིང་ཁ་གསབ་ཀྱི་དམིགས་ཚད་སྙོམ་སྒྲིག་གི་འགྲོ་གྲོན་གཏོང་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག ཐོན་ལས་སྤོ་སྒྱུར་ལག་ལེན་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བྱེད་པ་བརྒྱུད་ནས་རྨོ་ཞིང་ཁ་གསབ་བྱེད་པའི་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་རྨོ་ཞིང་ཁ་གསབ་ས་ཁུལ་གྱི་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་དགོས།

དྲུག འགན་སྲུང་བྱེད་ཐབས་དང་ལྟ་སྐུལ་དོ་དམ། ཞིབ་དཔྱད་བཅས་ཇེ་དྲག་ཏུ་གཏོང་དགོས།  

(བཅོ་བརྒྱད) རྩ་འཛུགས་མགོ་འཁྲི་ལ་ཤུགས་སྣོན་གཏོང་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་འཆར་འདིའི་དགོངས་དོན་ལྟར་དུས་ཚོད་དམ་འཛིན་གྱིས་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་པ་དང། རྨོ་ཞིང་སྲུང་སྐྱོང་བྱ་བའི་འགན་འཁྲི་དང་འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། ཏང་ཨུས་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་འགན་འཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། མང་ཚོགས་ཞུགས་པ། གོང་འོག་མཉམ་འགུལ་བཅས་ཀྱི་ཐུན་མོང་གི་འགན་འཁྲི་རྐྱེན་སྲོལ་འཛུགས་དགོས་པ་དང་། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དྲག་པོ་བཅངས་ནས་གཙོ་གཞིའི་འགན་འཁྲི་དངོས་གནས་འཁུར་དགོས། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་འགོ་ཁུངས་ཀྱི་ཚོད་འཛིན་ནན་མོ་བྱེད་པ་དང་བརྒྱུད་རིམ་གྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས་སྲིད་འཛིན་ས་ཁོངས་ནང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་སྒོ་ཀུན་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གི་གཙོ་འགན་འཁུར་མཁན་གྱིས་རྨོ་ཞིང་སྲུང་སྐྱོང་གི་འགན་དང་པོ་ཁུར་མཁན་ཡིན་པས། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ལས་འགན་ལས་བགོས་ལྟར་རང་འགན་གཙང་སྒྲུབ་བྱེད་དགོས་པ་དང་།  ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ། གསར་དར་ཞིང་ལས་བདག་གཉེར་གྱི་གཙོ་གཞིའི་རྨོ་ཞིང་སྲུང་སྐྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་སྡོམ་ཤུགས་ཆགས་དགོས།

(བཅུ་དགུ) ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་དགོས། རྒྱལ་ཁོངས་ཐོན་ཁུངས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན“རི་མོ་གཅིག”དང་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། ཉིན་ཧྲིལ་བོའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་བཏང་ནས་ཡུན་གནས་ས་ཞིང་ལ་འགུལ་རྣམ་ལྟ་ཞིབ་ལག་བསྟར་བྱེད་པ་དང་། ས་ཞིང་བཅོས་སྒྲིག་གི་གོ་རིམ་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་རྨོ་ཞིང་སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པའི་ཤུགས་ཇེ་དྲག་ཏུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བཏང་ནས་རྨོ་ཞིང་སྲུང་སྐྱོང་གི་གཞི་གྲངས་དང་ཆ་འཕྲིན་སྡེ་ཁག་གི་མཉམ་སྤྱོད་རྐྱེན་སྲོལ་འཛུགས་དགོས། ས་ཞིང་གི་ཁྲིམས་འཛིན་མཉམ་འགུལ་གྱི་གཞོགས་འདེགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ས་ཞིང་གི་ཁྲིམས་འགལ་སྲོལ་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས། རྒྱལ་ཁབ་ས་ཞིང་ལྟ་ཞིབ་ལས་ཁུངས་ཀྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ལག་བསྟར་བྱེད་པའི་ས་ཞིང་བེད་སྤྱོད་སྤྱིའི་འཆར་འགོད་དང་རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲི། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ལག་བསྟར་དང་འཐུས་ཚང་བཏང་བ་སོགས་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ཐད་ཤུགས་སྣོན་གཏོང་དགོས།

(ཉི་ཤུ) འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་དང་ཡུན་གནས་གཞི་རྩའི་ས་ཞིང་སྲུང་སྐྱོང་བྱེད་པའི་གནས་ཚུལ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགན་འགྲུབ་པའི་གནས་ཚུལ། རྨོ་ཞིང་ཁ་གསབ་ལས་འགན་འགྲུབ་པའི་གནས་ཚུལ། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་སྙོམས་བྱ་བ་དོན་འཁྱོལ་བྱེད་པའི་གནས་ཚུལ་སོགས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དཔྱད་ཞིབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཁོངས་ཐོན་ཁུངས་པུའུ་ཡིས་ཞིང་ལས་པུའུ་དང་རྒྱལ་ཁབ་སྡོམ་རྩིས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲི་དམིགས་འབེན་གཤམ་བསྒྲགས་བྱས་ཏེ་དཔྱད་ཞིབ་ཀྱི་གཞི་འཛིན་ས་བྱེད་དགོས། ཞིང་ཆེན་རིམ་པ་སོ་སོའི་སྲིད་གཞུང་གིས་རིམ་པ་རེ་རེ་བཞིན་རྨོ་ཞིང་སྲུང་སྐྱོང་ལས་འགན་དབྱེ་ཕྲལ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དམིགས་འབེན་དོན་འཁྱོལ་དང་དཔྱད་ཞིབ་ལམ་ལུགས་དང་བྱ་དགའ་ཆད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དམིགས་འབེན་དཔྱད་ཞིབ་མཐའ་འབྲས་དེ་མགོ་ཁྲིད་ལས་བྱེད་པའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོ་བྱེད་དགོས། ས་ཞིང་ཐོན་ཁུངས་ཐོན་རྫས་ཀྱི་བུ་ལོན་ཟུག་པའི་རེའི་མིག་སྒྲིག་བཟོ་འཚོལ་ཞིབ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དེ་ཏང་སྲིད་གཉིས་ཀྱིས་འགན་མཉམ་འཁུར་ལག་བསྟར་བྱེད་པ་དང། ལས་འགན་སྒྲུབ་ཤུགས་ཞན་པ་དང་ལྟ་སྐུལ་དོ་དམ་ནན་མོ་མིན་པ། འགན་ཤོར་ལས་འཛོལ་བཅས་བྱུང་བར་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་སྲིད་མགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།