རང་ཞིང་གིས《རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་གསར་སྐྲུན་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》ཕྱིར་བཏོན་ཏེ་རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་གསར་སྐྲུན་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    ཉེ་སྔོན། ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།   ཞིང་ཆེན་དམངས་སྲིད་ཐིན།   ཞིང་ཆེན་ཞིང་ཕྱུགས་ཐིན།  ཞིང་ཆེན་བཟོ་ཚོང་ཅུའུ་བཅས་ཀྱིས་མཉམ་འབྲེལ་གྱིས《རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་གསར་སྐྲུན་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》དཔར་འགྲེམས་བྱས།   རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་སྐྱེད་སྲིང་བྱས་ཏེ་རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་སྣ་མང་ཅན་དང་གསར་སྐྲུན་འཕེལ་རྒྱས་ལ་སྣེ་ཁྲིད་ནས་རང་སྟེང་གི་འཕེལ་རྒྱས་ནུས་པ་མཐོ་རུ་བཏང་།   རྣམ་པ་ཆུང་བའི་ཆུ་བེད་བཟོ་སྐྲུན་ཅུང་ལེགས་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱས་ཏེ་བཟོ་སྐྲུན་གྲུབ་འབྲས་རྒྱུན་མཐུད་ཀྱིས་འདོན་སྤེལ་བྱས།  

  《བསམ་འཆར》ནང་དོན་ལ་བསྡོམས་པས་ལེའུ་ལྔ་དང་དོན་ཚན་བཅོ་བརྒྱད་ཡོད། དེའི་ནང་དུ་རང་ཞིང་གི་རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་གསར་སྐྲུན་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ། སྤྱིའི་དམིགས་འབེན་དང་གཞི་རྩའི་རྩ་དོན་གསལ་བོར་བསྟན་ཡོད།   ནུས་པ་འཐུས་ཚང་དང་འཕེལ་རྒྱས་མ་དཔེ་གསར་སྐྲུན །  ཞབས་ཞུའི་རྒྱ་ཁྱོན་རྒྱ་ཆེར་གཏོང་བ།  དུད་ཁྱིམ་ཆེ་བའི་སྣེ་ཁྲིད་བྱེད་པར་མཛུབ་སྟོན་བྱེད་པ་བཅས་ཕྱོགས་བཞི་ནས་གསར་སྐྲུན་འཕེལ་རྒྱས་ཀྱི་བྱེད་ཐབས་བཏོན། རྩ་འཛུགས་བྱེད་ཐབས་གསལ་བོ་བྱེད་པ་དང་ཁྲིམས་ལྟར་ཐོ་འགོད།  དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་གསུམ་ནས་རྩ་འཛུགས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བའི་བླང་བྱ་བཏོན།  ལས་གཞི་མགོ་རྩོམ་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་ནང་ཞུགས་བྱེད་པར་ཁྲིད་སྟོན་བྱེད་པ།   དོ་དམ་སྲུང་སྐྱོབ་གསལ་བོ་བྱེད་པ།   དོ་དམ་སྲུང་སྐྱོབ་ཀྱི་གྲོན་དངུལ་དོན་འཁྱོལ་བྱེད་པ།  ནུས་པ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་བཅས་ཕྱོགས་ལྔ་ནས་རོགས་སྐྱོར་གྱི་ལམ་བུ་བཙུགས་ཡོད་པ་གསལ་བོ་བསྟན་ཡོད།  

 རྟོག་ཞིབ་བསྡོམས་རྩིས་ལྟར་ན།  རང་ཞིང་ལ་ད་ལྟ་རོང་འབྲོག་པའི་ཆུ་སྤྱོད་མཐུན་ཚོགས256ཡོད་ལ་སོ་སོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)6དང་རྫོང(གྲོང་ཁྱེར)28ན་ཡོད། ཞིང་ཁྱིམ་དུ་ཞུགས་ཚད་མི་ཁྲི172.22ཡོད་ལ་དོ་དམ་བྱེད་པའི་ཞིང་ཆུ་གཏོང་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི9.83ཡོད།   རོང་འབྲོག་པའི་ཆུ་སྤྱོད་མཐུན་ཚོགས་བཟོ་སྐྲུན་དོ་དམ་ཁྲོད་ཞུགས་པ་བརྒྱུད་བཟོ་སྐྲུན་གྱི་བདག་དབང་ཡོང་རྫོགས་གསལ་བོ་བྱས།   བཀོལ་སྤྱོད་བདག་དབང་དང་དོ་དམ་སྲུང་སྐྱོབ་ཀྱི་དབང་ཆ་དོན་འཁྱོལ་བྱས་ཏེ་ཆུ་བེད་བཟོ་སྐྲུན་ཆུང་བའི་དོ་དམ་གྱི་ཞན་ཆའི་གནད་དོན་ཐག་གཅོད་བྱས་ཏེ་བཟོ་སྐྲུན་དོ་དམ་ཇེ་དྲག་ཏུ་བཏང་།    ཞིང་སའི་ཆུ་སྤྱོད་འགལ་ཟླ་ཇེ་ཉུང་དང་ཞིང་བའི་ཡོང་འབབ་ཇེ་མང་ལ་སོང་སྟེ་ཞིང་བའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན།  སྤྱི་ཚོགས་ཀྱི་རིགས་སོ་སོ་དང་ལྷག་པར་ཏུ་རྒྱ་ཆའི་ཞིང་བ་ཞིང་སྡེའི་ཆུ་བེད་བཟོ་སྐྲུན་ཆུང་བ་འཛུགས་སྐྲུན་དང་དོ་དམ་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་ཅུང་ལེགས་པའི་སྒོ་ནས་ལེགས་སྒྲིག་བྱས།  

《བསམ་འཆར》ལས་བསྟན་དོན།  2020ལོར་ཐོན་དུས་རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་དོ་དམ་དང་དོ་དམ་ཁྲོད་ཞུགས་པའི་ཞིང་སྡེའི་འབྲོག་ཁུལ་གཅིག་བསྡུས་ཀྱིས་ཆུ་འདོན་མི་གྲངས་དང་ཞིང་ཆུ་གཏོང་སའི་རྒྱ་ཁྱོན་གྱི་བསྡུར་ཚད་ཆ་སྙོམས་ཀྱིས70ལས་%མི་དམའ་བར་བརྩོན་ལེན་བྱེད་དགོས།  2025ལོར་ཐོན་དུས་རོང་འབྲོག་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་ཀྱི་རྒྱ་ཁྱོན་མངོན་གསལ་གྱིས་ཇེ་ཆེ་དང་འཁོར་སྐྱོད་སྔར་ལས་ཚད་ལྡན་དུ་བཏང་སྟེ། དོ་དམ་དང་ཡང་ན་དོ་དམ་ཁྲོད་ཞུགས་པའི་གཅིག་བསྡུས་ཆུ་འདོན་མི་གྲངས་དང་ཞིང་ཆུ་གཏོང་སའི་རྒྱ་ཁྱོན་གྱི་བསྡུར་ཚད་ཆ་སྙོམས་ཀྱིས80%ཡན་ལ་སླེབས་པར་བརྩོན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།