རང་རྒྱལ་གྱིས་ཁ་སང་ནས་བཟུང་རྩིས་གཉེར་བའི་ཐོབ་ཐང་དཔང་ཡིག་མེད་པར་བཟོས་པ།

སྤྱི་ཟླ༡༡པའི་ཚེས༤ཉིན་གྱི་ཕྱི་དྲོར།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་སུམ་ཅུ་བའི་ཐོག་ཏུ་རྩིས་གཉེར་བའི་བཅའ་ཁྲིམས་བཟོ་བཅོས་བྱ་བའི་ཆོད་ཡིག་ལ་གྲོས་འཆམ་བྱུང་སྟེ།  རྩིས་གཉེར་ལས་སྒྲུབ་མཁན་གྱིས་ངེས་པར་དུ་རྩིས་གཉེར་ལས་སྒྲུབ་ཀྱི་ཐོབ་ཐང་དགོས་པའི་དེ་སྔའི་གཏན་འབེབས་ཀྱི་ནང་དོན་དེ་རྩིས་གཉེར་བ་ལ་དེ་བསྟུན་གྱི་རྩིས་གཉེར་ལས་ཀ་སྒྲུབ་པར་ངེས་པར་དུ་ལྡན་དགོས་པའི་ཆེད་ལས་ནུས་པ་ཡོད་དགོས་ཞེས་སུ་བཅོས་ཡོད་པ་རེད།

ཆོད་ཡིག་གཞིར་བཟུང་།   རྩིས་གཉེར་བས་ནོར་དོན་རྩིས་གཉེར་སྙན་ཞུ་རྫུན་ཞུ་དང་། རྩིས་ཐོ་རྫུན་བཟོ།  རྩིས་གཉེར་གྱི་དཔང་ཡིག་དང་རྩིས་ཐོ།  ནོར་དོན་རྩིས་གཉེར་གྱི་སྙན་ཞུ་བཅས་སྦ་གསང་དང་ཡང་ན་བསམ་བཞིན་དུ་མེད་པར་བཟོས་ནས་རྒྱུ་ནོར་ལྐོག་ཟ་དང་། གཞུང་ནོར་སྒེར་སྤྱོད་དམ་གཞན་སྤྱོད།  གོ་གནས་བཙན་བཟུང་ལ་སོགས་རྩིས་གཉེར་གྱི་ལས་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ཚེ།   ཁྲིམས་བཞིན་དུ་འགན་འཁྲི་བདའ་འདེད་བྱས་ནས་ཉེས་ཆད་ནན་མོ་བཅད་དེ་རྩིས་གཉེར་གྱི་ལས་ཀ་ལས་གཏན་དུ་དབྱུང་རྒྱུ་དང་།  ད་ཆ་ལག་བསྟར་བྱེད་པའི་རྩིས་གཉེར་གྱི་གཏན་འབེབས་ལྟར་དུ།  རྩིས་གཉེར་བའི་ལས་སྒྲུབ་ཐོབ་ཐང་སྒྲུབ་མི་ཆོག་ལ་བསྐྱར་སྒྲུབ་དེ་བས་མི་རུང་བ་དང་།  གཞན་རྩིས་གཉེར་བས་ཁྲིམས་འགལ་གྱི་ལམ་ནས་རྩིས་གཉེར་བའི་རྩིས་ཐོ་སྒྲིག་བཟོ་དང་།  ལྐོག་ནས་རྩིས་གཉེར་རྩིས་ཐོ་བཟོ་བཅོས་བྱེད་པ།  གང་འདོད་ལྟར་རྩིས་གཉེར་ཐག་གཅོད་བྱེད་ཐབས་བཅོས་སྒྱུར་བྱེད་པ་ལ་སོགས་པའི་བྱ་སྤྱོད་གཅིག་བྱུང་ཞིང་། མཇུག་འབྲས་ཚབས་ཆེན་ཡིན་པ་ལ་ལོ་ལྔའི་ནང་རྩིས་གཉེར་ཀྱི་ལས་གཉེར་མི་ཆོག་པའི་ཁྲིམས་ཆད་གཅོད་རྒྱུ་དང་།   ད་ལྟ་ལག་བསྟར་བྱེད་པའི་རྩིས་གཉེར་བའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྡེ་ཚན་གྱིས་རྩིས་གཉེར་བའི་ཐོབ་ཐང་དཔང་ཡག་མེད་པར་བཟོ་རྒྱུ་སོགས་ཐག་བཅད་འདུག  

ཆོད་ཡིག་འདི་༢༠༡༧ལོའི་ཟླ༡༡པའི་ཚེས༥ཉིན་ནས་བཟུང་ལག་བསྟར་བྱས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།