གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ།

སྤྱི་ཟླ༡༡པའི་ཚེས༤ཉིན་ལ་ཀྲུང་གོ་གསར་འགྱུར་དྲ་བས་ཟི་ལིང་ནས་སྤེལ་བའི་གནས་ཚུལ། ཚེས༣ཉིན་ལ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་འཕྲིན་ཅུས་ནས་ཀྲུང་གོ་གེ་སར་རིག་གནས་ཀྱི་ཕ་ས་ཞེས་པའི་གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྒོ་བྱང་དངོས་སུ་བཀལ་བའི་གནས་ཚུལ་ཤེས་རྟོགས་བྱུང་། 


མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་རིག་གནས་ཀྱི་ཁུངས་གནས་གཙོ་བོ་ཡིན་པས་ཀྲུང་གོ་གེ་སར་རིག་གནས་ཀྱི་ཕ་ས་ཞེས་མཚན་སྙན་ཡོད་པ་དང་། ཀྲུང་གོ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།  མཚོན་སྟངས་སམ་རྣམ་པ་གཞན་ལས་ཐུན་མོང་མ་ཡིན་པ། རིག་གནས་ཀྱི་ཁྱད་ཆོས་འཛིན་སྐྱོང་བྱས་པ་ཧ་ཅང་ཆ་ཚང་བ། སྒྲུང་བཤད་རྒྱུད་འཛིན་པ་ཆེས་མང་བ། མཚན་སྙན་ནམ་ཁྱབ་རྒྱ་ཆེས་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་རེད།   

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་གཞོན་པ་དང་། གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་རིག་འཛིན་སྒྲོལ་མས་ངོ་སྤྲོད་བྱེད་དོན། ཁོ་ཚོས་ཐོ་འགོད་བྱེད་མཁན་གྱི་འཁྲབ་སྟོན་པ༡༠༡ལ་ཡིག་རྒྱུགས་དང་། ཁ་རྒྱུགས། ལུས་བཤེར།  མཇུག་འབྲས་གསལ་བསྒྲགས་སོགས་གོ་རིམ་བརྒྱུད་མཐར།  འཁྲབ་སྟོན་པ༤༥ཡི་བར་ལ་བསྡུ་ལེན་གྱི་གན་རྒྱ་བཞག་ཏེ་གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་སྡེ་བཙུགས་པ་ཡིན་ལ།  ཚང་མ་མགོ་ལོག་ཁུལ་གྱི་འབྲོག་ཁུལ་ཁག་ནས་ཡོང་བ་དང་། ཆ་སྙོམས་ཀྱི་ལོ་ཚད་ལོ༢༥མན་ཡིན། དེའི་ནང་ལོ་ན་ཆེ་ཤོས་ལོ༣༠ཡིན་པ་དང་། ཆུང་ཤོས་ལོ༡༢ཡིན་པས་བསམ་བློ་འདུ་ཤེས་བསྒྱུར་བཅོས་ལ་ཅུང་དཀའ་ཁག་བྱུང་། ཡིན་ན་ཡང་ཆེད་ལས་སྦྱོང་བརྡར་དུས་ཐུང་ངུ་ཞིག་ལ་བྱས་རྗེས་ཁོ་ཚོའི་སྙིང་སྟོབས་དང་སྐད་གདངས་སོགས་ལ་འགྱུར་བ་ཆེན་པོ་བྱུང་བ་མ་ཟད། འཁྲབ་སྟོན་གྱི་ཁྲོད་དུ་སོ་སོའི་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་ཕྱིའི་ཉམས་སུ་མངོན་ཐུབ་ཀྱི་ཡོད་པས་ཧ་ཅང་གི་དགའ་བོ་བྱུང་ཡོད། རྗེས་མ་ཁོང་ཚོའི་མདུན་ལམ་ཡག་པོ་ཞིག་འཁྱོངས་བ་དང་དམངས་ཁྲོད་གེ་སར་སྒྲུབ་བཤད་དེ་སྔར་བས་འཛིན་སྐྱོང་སྤེལ་གསུམ་ཐུབ་པར་ང་རང་གི་རེ་བ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་འཕྲིན་ཅུས་ཀྱི་འགོ་གཙོ་རྡོ་རྗེ་རྒྱལ་མཚན་གྱིས།  གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ནས་སྒོ་བྱང་དངོས་སུ་བཀལ་རྗེས།  སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་དང་ལས་བཟོ་བའི་ལས་སྒོའི་རྩལ་ནུས་ཟབ་སྦྱོང་ཐད་ལ་མུ་མཐུད་ནས་ཤུགས་བསྣན་ནས་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ཚོགས་པ་རྩེ་གྲ་ཞིག་ཡོང་བའི་ཐད་ལ་འབད་པ་བྱེད་དགོས་པ་དང་། སྒྱུ་རྩལ་ཚོགས་པ་ཕྱིར་བསྐྱོད་དེ་སྤྱི་ཚོགས་ལ་ཕན་ཁེ་ལེགས་པོ་ཐོབ་པའི་ཞོར་ཏུ་དཔལ་འབྱོར་གྱི་ཁེ་ཕན་ངེས་ཅན་ཞིག་རག་ཐུབ་པ་ལ་སྐུལ་སྤེལ་བྱེད་ཐུབ་དགོས་ཞེས་བརྗོད།

ལོ་ཙཱ་བ། ཁོན་ཐར་འཚོ།