རང་ཞིང་གིས་ཞིང་པའི་ཁང་པ་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། འགན་སྲུང་ལམ་སྲོལ་གྱི་གནོད་སེལ་གནོད་སྐྱོབ་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་གནོད་རྗེས་ཀྱི་སྡོད་ཁང་བསྐྱར་སྐྲུན་གྱི་ནུས་པ་མཐོར་འདེགས་ཏན་ཏིག་དང་། ཁྱོན་ཡོངས་ནས་ཞིང་པའི་ཁང་པ་འགན་སྲུང་བྱས་པའི་རྫོང་ལྔའི་ཚོད་ལྟའི་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་ཐོག ཉེ་ཆར་ཞིང་ཆེན་དམངས་སྲིད་ཐིན་དང་། ནོར་སྲིད་ཐིན། འགན་སྲུང་ལྟ་སྐུལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་《 སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་གྲོང་གསེབ་ཀྱི་སྡོད་ཁང་འགན་སྲུང་ཉོ་བའི་ལག་བསྟར་བྱེད་ཐབས》 ( གཤམ་དུ《 བྱེད་ཐབས》 ཞེས་བསྡུ་རྒྱུ) པར་འགྲེམས་བྱས། ཟླ10 པའི་ཟླ་མཇུག་ཏུ། ཞིང་ཆེན་ནོར་སྲིད་ཀྱིས་ས་གནས་ཁག་ལ་ལོ་འཁོར་ཞིང་པའི་ཁང་པ་འགན་སྲུང་གི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི993དམར་སྤྲད་དེ། རང་ཞིང་གི་ལམ་ལུགས་ཐོག་ནས་ཞིང་པའི་ཁང་པ་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་ཀྱིས་འགན་སྲུང་གྲོན་དངུལ་དང་དེ་བཞིན་འགན་སྲུང་དངུལ་གྲངས་ཁ་གསལ་བྱས་པ་དང་། ཉོ་སྒྲུབ་ཀྱི་གཙོ་གནད་དང་གོ་རིམ་གཏན་འབེབས་བྱས་ནས་ཉེན་འགོག་འགན་ལེན་དང་སྐྱིན་ཚབ་ཀྱི་ཁྱབ་ཁོངས་གཏན་འཁེལ་དང་། སྒྲིག་འཛུགས་དང་མཐུན་སྦྱོར་གྱི་ལམ་སྲོལ་དང་འགན་སྲུང་བྱེད་ཐབས་བཙུགས་ཡོད། བྱེད་ཐབས་ཀྱིས་རྩ་དོན་ཐོག་ནས་ཞིང་པའི་ཁྱིམ་ཚང་གི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་ལོ་རེར་སྒོར30 དང་། དེའི་ནང་ནས་རིམ་པ་ཁག་གི་སྲིད་གཞུང་གིས་ཁ་གསབ་སྒོར20 དང་། ཞིང་པའི་ཁྱིམ་ཚང་གི་རང་ཉིད་ཀྱིས་སྒོར་10 སྤྲོད་པ་དང་།དངུལ་གྲངས་སྒོར་ཁྲི3བཅས་གཏན་འབེབས་བྱས་ཡོད་པ་རེད།།

སྤྱིར་བཏང་གི་ཞིང་དུད་འགན་སྲུང་ཁྲོད་མི་ཞུགས་པ་དེ་ལ་རིམ་པ་ཁག་གི་སྲིད་གཞུང་གིས་ཁ་གསབ་མི་བྱེད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་། རྒྱལ་ཁབ་ཀྱི་གོད་སོས་དོད་དངུལ་དང་འཚོ་བའི་རོགས་དངུལ་ལེན་རྒྱུ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ་ཁྱིམ་ཚང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚངལ་རིམ་པ་ཁག་གི་སྲིད་གཞུང་གིས་གཞི་རྩའི་འགན་སྲུང་སྒོར20 ཁ་གསབ་ཡོད་པ་དང་། འགན་སྲུང་དངུལ་གྲངས་སྒོར་ཁྲི་2 ། རིགས་བཞི་བྱ་ཡུལ་དུ་རང་འཐད་ཀྱིས་སྒོར10 སྤྲོད་དེ་འགན་སྲུང་གི་འཕར་ཚད་འགན་ལེན་བྱས་ཏེ། འགན་སྲུང་དངུལ་གྲངས་སྒོར་ཁྲི3 རུ་ཇེ་མང་དུ་ཕྱིན། ནུས་ལྡན་གྱིས་ཞིང་དུད་ཀྱི་འགན་སྲུང་ཁྲོད་ཞུགས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བྱེད་ཐབས་ནང་ཞིང་དུད་ཀྱིས་སྔོན་ལ་འགན་སྲུང་ཁྲོད་ཞུགས་ནས་སྲིད་གཞུང་གིས་རྗེས་ལ་ཁ་གསབ་བྱ་རྒྱུ་དངུལ་སྤྲོད་པའི་བྱེད་སྟངས་གཏན་འཁེལ་བྱས།

 

ལོ་ཙཱ་བ། གཡང་སྐྱིད།